KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
༈ གནས་མཆོག་རྡོར་གདན་དུ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བདུན་པ་དབུ་ཚུགས།

༈ གནས་མཆོག་རྡོར་གདན་དུ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བདུན་པ་དབུ་ཚུགས།

ཕྱི་ལོ་ ༢༠༢༠ ཟླ་བ་ ༢ ཚེས་ ༢ ཉིན་སྔ་དྲོ་དུས་ཚོད་དྲུག་པའི་ཐོག་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་བཀའ་བརྒྱུད་སྨོན་ལམ་ཆོས་རར་ཆིབས་སྒྱུར་བསྐྱངས་ཏེ་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་དགེ་བཙུན་ཕོ་མོ་བཞི་སྟོང་ལ་ཉེ་བ་དང་། ཕྱི་ནང་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སྐྱ་སེར་ཕོ་མོ་ཉིས་སྟོང་བཅས་ཡོངས་བསྡོམས་ཚོགས་ཞུགས་པ་དྲུག་སྟོང་ལ་ཉེ་བར་སྨོན་ལམ་ཐེངས་སོ་བདུན་པའི་ཉིན་དང་པོར་མགོན་པོ་མཆོག་ནས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་སྩལ།

དེ་ཉིན་སྔ་དྲོའི་ཆར་གནམ་གཤིས་ཆེས་གྲང་ཡང་རིམ་གྱིས་དབང་ཕྱོགས་ཤར་རིའི་སྤོ་ནས་སྣང་བྱེད་ཀྱི་དཀྱིལ་འཁོར་ལྷམ་མེར་འཆར་བས་གྲང་རེག་གི་གདུང་བ་ལས་རབ་ཏུ་ཞི།

༡) སྨོན་ལམ་ཉིན་དང་པོར་དགེ་བཙུན་ཡོངས་དང་དད་ལྡན་ཁྱིམ་པ་ཕོ་མོ་ཀུན་ནས་ཐེག་ཆེག་ཆེན་གསོ་སྦྱོང་གི་སྡོམ་པ་ནོད་ཕྱིར་བཀའ་བརྒྱུད་སྨོན་ལམ་གྱི་ཆོས་རར་འདུས་ཏེ་ཕྱག་འབུལ་བའི་སྟ་གོན་བགྱིད་བཞིན་པ།

 

༢) ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་འདུས་པ་ཡོངས་ལ་གསོ་སྦྱོང་གི་སྡོམ་པ་སྩལ་བཞིན་པ།

 

༣) གསོ་སྦྱོང་གི་སྡོམ་པ་ནོད་སྐབས་པུས་མོ་གཡས་པའི་ལྷ་ང་སར་བཙུགས་ཏེ་དད་གུས་ཆེན་པོས་མགོན་པོ་མཆོག་གི་གསུང་གི་རྗེས་ཟློས་བྱེད་བཞིན་པ།

 

༤) དེ་མཇུག་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ཐུབ་པའི་སྣང་བརྙན་གྱི་ཕྱོགས་སུ་ཞལ་བསྒྱུར་ཏེ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བདུན་པའི་ཚོགས་ཀྱི་དབུ་བཞུགས་བསྐྱངས་སྐབས་ཟླ་གམ་མནབས་ཏེ་བཞུགས་པའི་སྐུ་པར།

 

༥) སྟོན་པའི་སྐུ་བརྙན་གྱི་ཞབས་སུ་སྨོན་ལམ་ཡན་ལག་ཉི་ཤུ་པའི་ཕྱིར་བཤམས་པའི་དམིགས་བསལ་མཆོད་གཤོམ་གྱི་བརྙན་པར།

 

༦) མཆོད་གཤོམ་དེའི་ནང་རིན་ཆེན་དང་པོའི་མདོག་ལྡན་སྟོན་པ་སྐུ་བྱིས་པའི་སྐབས་ཀྱི་སྣང་བརྙན་བཞེངས་སྟབས་སུ་བཞུགས་པར་སྨོན་ལམ་ཡན་ལག་ཉི་ཤུ་པའི་འདོན་བྱ་བཞིན་རྒྱུན་དུ་ཁྲུས་གསོལ་དང་ན་བཟའ་སྒྲོན་འབུལ་ཞུ་བཞིན་པ།

 

༧) མཆོད་དཔོན་འོད་གསལ་སྙིང་པོ་ལགས་ནས་ཡན་ལག་ཉི་ཤུ་པའི་འདོན་བྱ་ལྟར་ཁྲུས་གསོལ་སོགས་བགྱིད་བཞིན་པ།

 

༨) ཡན་ལག་ཉི་ཤུ་པའི་ནང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་འདྲེན་སྐབས་རིན་པོ་ཆེ་རྣམ་པ་ཞྭ་ཁྲ་མནབས་པའི་སྐུ་པར།

 

༩) ཞལ་འདོན་གསུང་སྐབས་བྱང་འདྲེན་བཞི་ནས་འདོན་པ་དབུ་འཛུགས་བགྱིས་ཏེ། དེ་ཡང་རབ་བྱུང་གི་དབུ་མཛད་གཉིས་དང་། བཙུན་མའི་དབུ་མཛད་གཉིས་ཏེ། འདི་ལོ་བཙུན་མས་དབུ་མཛད་བགྱིས་པ་ཐེངས་གསུམ་པ་དེ་ཡིན།

 

༡༠) འདི་ལོ་བཀའ་བརྒྱུད་སྨོན་ལམ་ལ་སྤྲུལ་པའི་སྐུ་ཉི་ཤུ་རྩ་ལྔ་ཕེབས་འདུག

 

༡༡) སྨོན་ལམ་དུ་མཁན་པོ་དྲག་ཅུ་རྩ་ལྔ་ཙམ་ཚོགས་ཞུགས་མཛད་ཡོད།

 

༡༢) འདི་ལོ་བཀའ་བརྒྱུད་སྨོན་ལམ་ལ་བཀའ་བརྒྱུད་དགོན་ཁག་ལྔ་བཅུ་ང་བདུན་ནས་གྲྭ་བཙུན་ཞལ་གྲངས་སུམ་སྟོང་དྲུག་བརྒྱ་བཅུ་མེད་དགུས་ཚོགས་ཞུགས་མཛད་འདུག

 

༡༣) ཚོགས་ཞུགས་པ་དེ་དག་ཁྲོད་དགེ་སློང་སུམ་བརྒྱ་གྱ་གཅིག་འདུག་ཅིང་། ཁོང་རྣམས་སྐས་རིམ་གྱི་གྲལ་གཡས་གཡོན་དུ་བཞུགས་ཤིང་། ཀུན་གྱིས་རྩེ་ཞྭ་མནབས་ཏེ་བཞུགས་འདུག །

 

 ༡༤) སྨོན་ལམ་ཚོགས་ཞུགས་སུ་བཙུན་མ་ཞལ་གྲངས་སུམ་བརྒྱ་དགུ་བཅུ་ཕེབས་ཡོད།

 

༡༥) ཕྱི་རྒྱལ་ཡུལ་གྲུ་དུ་མ་ནས་ཆོས་ཚོགས་ཀྱི་ཚོགས་མི་ཡང་དུ་མ་ཕེབས་ཡོད།

 

༡༦)  ཧི་མཱ་ལ་ཡའི་རི་རྒྱུད་ནས་སྨོན་ལམ་ཚོགས་ཞུགས་པ་བརྒྱད་བརྒྱ་ཙམ་ཕེབས་འདུག

 

 ༡༧) ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དད་ལྡན་ཚོགས་ཞུགས་པ་ཆིག་སྟོང་ཆིག་བརྒྱ་ཙམ་ཕེབས་འདུག །

 

 ༡༨) ཚོགས་ཞུགས་རྣམས་ལ་ཞོགས་ཟས་ཕྱིར་བཞེས་བག་སོས་པ་འབུལ་བཞིན་པ།

 

༡༩) ཚོགས་ཞུགས་ཀུན་ལ་བོད་ལུགས་གསོལ་ཇ་འདེགས་བཞིན་པ།

 

མཆོད་གཡོག་གཞོན་པ་རྣམས་ཀྱིས་བཞེངས་པའི་མཆོད་གཏོར་ཁག་གི་བརྙན་པར།

མཆོད་གཡོག་གཞོན་པ་རྣམས་ཀྱིས་བཞེངས་པའི་མཆོད་གཏོར་ཁག་གི་བརྙན་པར།

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣༠ ཉིན།
ཚོགས་ཡུལ། སྨོན་ལམ་ཆོས་རྭ།
དུས་ཡུན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༤ ནས་ ༣༠ བར།

ལོ་ལྟར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དབུ་མ་ཚུགས་པའི་གོང་རོལ་དུ་ཆོས་སྤྱོད་ཚན་པའི་མཆོད་གཡོག་སྡེ་ཚན་ནས་ཟླ་བ་གཅིག་ལྷག་རིང་གཏོར་མའི་མཆོད་རྗས་རྣམས་བཞེངས་སྲོལ་མཆིས། ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༧ པར་རྒྱ་བལ་འབྲུག་གསུམ་གྱི་ཀར་དགོན་ཁག་ནས་ཕེབས་པའི་ བཙུན་མའི་ཞལ་གྲངས་ ༡༤ དང་། རབ་བྱུང་བའི་ཞལ་གྲངས་ ༥༣ སྟེ་ཁྱོན་བསྡོམས་གྲྭ་བཙུན་ ༦༧ ནས་ མཉམ་ཞུགས་མཛད་ནས་རྒྱས་སྤྲོས་ལྡན་པའི་གཏོར་རྒྱན་བཟོ་བསྐྲུན་ལེགས་པར་བགྱིས་ཡོད།

སྤྱིར་བཏང་ད་བར་མཆོད་གཡོག་གཞོན་པ་རྣམས་ཀྱིས་སྨོན་ལམ་སྐབས་མཆོད་པའི་བླ་གཏོར་སོགས་ཀྱི་ཕྱོགས་བཞིར་བརྒྱན་པའི་མཆོད་པའི་རྫས་ཀྱི་རྒྱན་རྣམས་བཟོ་བསྐྲུན་འགན་བཞེས་གནང་མུས་ཀྱང་། འདི་ལོར་དམིགས་བསལ་མཆོད་དཔོན་འོད་གསལ་སྙིང་པོ་གཙོས་མཆོད་དཔོན་བསོད་ནམས་རིན་ཆེན་དང་། མཆོད་དཔོན་ཀརྨ་བསམ་གཏན་དང་། མཆོད་དཔོན་ཀརྨ་དབང་ཕྱུག་བཅས་ཀྱིས་ལམ་སྟོན་འོག་མཆོད་ གཡོག་གཞོན་པ་རྣམས་ཀྱིས་མཆོད་པའི་སྐུ་རྟེན་གཙོ་བོ་རྣམས་ལེགས་པར་བཞེངས།

སྙིགས་ལྔའི་རང་མདངས་ཆེས་ཆེར་བདོ་བས་འཛམ་གླིང་གང་སར་འབྱུང་བཞིའི་གནོད་འཚེ་དང་ནད་ཡམས་སོགས་ཀྱི་གོད་ཆག་ཤུགས་ཆེ་བྱུང་དང་འབྱུང་བཞིན་པར་བརྟེན། དེ་ལྟའི་འཇིགས་པ་མ་ལུས་ཞི་བའི་ཕྱིར་ སྨོན་ལམ་མཆོད་པའི་སྐུ་རྟེན་གཙོ་བོར་ཐུབ་པ་རིགས་དྲུག་སྟེ། ལྷའི་ཐུབ་པ་བརྒྱ་བྱིན་ནི་ལྷ་རྣམས་ལ་ཆོས་ཀྱི་སྡོམ་བཞི་སྒྲོགས་ཕྱིར་པི་ཝང་གི་ཕྱག་མཚན་འཛིན་པ། ལྷ་མ་ཡིན་གྱི་ཐུབ་པ་ཐགས་བཟང་རིས་ནི་ལྷ་མ་ཡིན་རྣམས་འཐབ་རྩོད་ལས་འདུལ་བའི་མཚོན་བྱེད་དུ་ཕྱག་ མཚན་དུ་གོ་མཚོན་ཐོགས་པའི་སྣང་བརྙན་དང་།
མིའི་ཐུབ་པ་ཤཱཀྱ་སེང་གེ་ནི་མི་རྣམས་ལ་ཐོག་མཐའ་བར་གསུམ་དུ་དགེ་བའི་ཆོས་འབའ་ཞིག་སྟོན་པའི་མཚོན་བྱེད་དུ་འཁར་གསིལ་དང་ལྷུང་བཟེད་ཀྱི་ཕྱག་མཚན་བསྣམས། བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན་ནི་བྱོལ་སོང་ཀུན་གླེན་ལྐུགས་ཀྱི་མདུད་པ་ལས་འགྲོལ་ཕྱིར་ཕྱག་མཚན་དུ་པོ་ཏི་ཐོགས་པའི་སྣང་བརྙན་དང་། དེ་བཞིན་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་ནི་ཡི་དྭགས་རྣམས་བཀྲེས་སྐོམ་གྱི་གདུང་བ་ལས་སྒྲོལ་སླད་ཕྱག་མཚན་དུ་རིན་པོ་ཆེའི་སྒྲོམ་བུ་ཐོགས་པ། དམྱལ་བའི་ཐུབ་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནི་དམྱལ་བའི་ཚ་གྲང་གི་གདུང་བ་ལས་ཞི་ཕྱིར་ཕྱག་མཚན་དུ་ མེ་ཆུ་ཐོགས་པའི་སྐུ་རྟེན་ལྟ་ན་སྡུག་ཅིང་ཡིད་འཕྲོག་པའི་དཔལ་དང་ལྡན་པར་བཞེངས་བསྐྲུན་མཛད་འདུག།

༡) མཆོད་གཡོག་གསར་བུ་བ་ཞིག་ནས་སྟོན་པའི་སྐུ་བརྙན་བཅའ་བཞིན་པའི་བརྙན་པར།།

 

༢) རབ་བྱུང་ཞིག་ནས་པད་གདན་ལེགས་པར་བཅའ་བཞིན་པ།

 

༣) གཏོར་གཞོང་ནང་འཁོར་ལོ་དང་དུང་དཀར་སོགས་མཆོད་རྫས་སྣ་ཚོགས་པའི་རི་མོས་བརྒྱན་པའི་དཀར་རྒྱན་བཅའ་བཞིན་པ།

 

 ༤) མཆོད་གཡོག་ཞིག་གིས་ཐུབ་པའི་སྙན་ཀོར་ཐད་ཀྱི་སྟོང་ཆ་རྣམས་འགེངས་བཞིན་པ།

 

༥) བྱང་རྩལ་གྱི་ཚད་གཞི་འདི་ཙམ་སོན་པར་ལོ་ཡུན་དུ་མའི་རིང་སྦྱོང་བརྡར་བྱེད་དགོས་པ་ཡིན།

 

༦) མཆོད་བཞེངས་ཀྱི་བྱ་བར་ཞུགས་ཕྱིར་བཟོད་བསྲན་དང། དོ་སྣང་། ལས་ལ་འཇུག་འདོད་ཀྱི་སྤྲོ་བ་བཅས་ཤིན་ཏུ་གནད་ཆེ།

 

༧) གཏོར་མ་བཅའ་བའི་ཡོ་བྱད་རྣམས་འབྲུག་ཡུལ་ནས་ཐོན་པའི་དམིགས་བསལ་ཤིང་རིགས་ཤིག་སྟེ། དེ་ཉིད་ཀྱི་སྟེང་མར་མི་འགོ་བའི་ཁྱད་ཆོས་ལྡན་པ་ཡིན།

 

༨) གཏོར་གཞོང་ཞིག་གི་ནང་བཀྲ་ཤིས་རྫས་བརྒྱད་ཀྱི་རྣམ་གྲངས་ཆ་ཚང་བའི་བརྙན་པར་ཁེར་རྐྱང་ཞིག །

 

 ༩) འདི་ཉིད་བོད་བརྒྱུད་ནང་བསྟན་གྱི་གནའ་སྲོལ་སྒྱུ་རྩལ་ཁྱད་པར་ཅན་ཞིག་ཡིན་ཡང་དེང་དུས་ཀྱི་ཆ་རྐྱེན་གང་འཚམས་ཡོད།

 

 ༡༠) མར་རྒྱན་གྱི་རྒྱན་སྤྲོས་རྣམས་བཞུ་བའི་ཉེན་ལས་སྐྱོབ་ཕྱིར་སྲབ་ཤོག་ཁྱད་པར་ཅན་ཞིག་ལོངས་སྤྱོད་པ་ཡིན།

 

 ༡༡) བརྙན་པར་ནང་མཆིས་པ་འདི་དག་ལ་ཞལ་ཟས་ཞུ་བ་ཡིན།

 

༡༢) ཞལ་ཟས་རྣམས་བརྐོས་རིས་ཀྱིས་བརྒྱན་པའི་ཤིང་སྟེགས་སྟེང་བཞག་སྟེ། བཙུན་མ་རྣམས་ནས་ཞལ་ཟས་ཀྱི་རྩ་བར་དཀར་རྒྱན་གྱིས་བརྒཡན་བཞིན་པའི་བརྙན་པར།

 

༡༣) ཞལ་ཟས་ཀྱི་མཛེས་རྒྱན་དུང་དཀར་གཡས་འཁྱིལ་གྱི་གཟུགས་བརྙན་ཡོངས་སུ་རྫོགས་པས་བརྒྱན་པའི་བརྙན་པར།

 

༡༤) ཞལ་ཟས་ཀྱི་མཛེས་རྒྱན་ཕྱིར་མཆོད་ཏིང་ནང་འགིའུ་ཝང་བཤམས་པའི་དཀར་རྒྱན་ཡིད་དབང་འགུགས་པ་ཞིག། །

 

 ༡༥) ཞལ་ཟས་ཀྱི་བཀོད་པ་ཡོངས་སུ་གྲུབ་པའི་བརྙན་པར་ཞིག།།

 

 ༡༥) འདྲེན་པ་སྣང་བ་མཐའ་ཡས་ཀྱིས་ལྷུང་བཟེད་བཟུང་བའི་སྐུ་བརྙན་ཞིག །

 

 ༡༧) རྒྱན་ཁྲ་འདི་ཉིད་ཤིང་གི་སྟེང་དུ་དཀར་རྒྱན་གྱི་མཛེས་བརྐོས་ཕུན་སུམ་ཚོགས་པ་ཞིག་ཡིན།

 

༡༨) དཀར་རྒྱན་གྱི་རྣམ་གྲངས་རེ་རེ་བཞིན་འདུས་ཏེ་མཆོད་བཞེངས་པས་རྒྱན་བཀྲའི་སྟེང་འགོད་བཞིན་པ།

 

༡༩) མཛེས་སྡུག་གི་དཔལ་ཕུན་སུམ་ཚོགས་པས་གཏམས་པའི་རྡོ་རྗེ་འཆང་གི་སྐུ་བརྙན་ངོ་མཚར་ཅན།

 

སྤྱོད་ལམ་རྒྱུགས་སྤྲོད།

སྤྱོད་ལམ་རྒྱུགས་སྤྲོད།

གནས་མཆོག་རྡོར་གདན། བཀའ་བརྒྱུད་སྨོན་ལམ་ཆོས་ར།


ཕྱི་ལོ་ ༢༠༢༠ ཟླ་བ་ ༡ པའི་ཚེས་ ༢༨ ནས་ ༣༠ བར་ཉིན་གསུམ་རིང་། ལོ་ལྟར་སྨོན་ལམ་མ་ཚུགས་པའི་སྔོན་དུ་བཀའ་བརྒྱུད་སྨོན་ལམ་ཆོས་རར་རྒྱ་བལ་འབྲུག་གསུམ་གྱི་དགེ་བཙུན་རྣམས་ཀྱི་སྔོན་འགྲོའི་སྤྱོད་ལམ་རྒྱུགས་བཞེས་སླད། གཟུ་དཔང་མཛད་པོ་གདན་ས་རུམ་བཏེག་བཤད་གྲྭའི་མཁན་པོ་ཀར་བསྟན་དང་། གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་ མཁན་པོ་ཐུབ་བསྟན་ཀརྨ། གདན་ས་རིག་པའི་རྡོ་རྗེའི་གཙུག་ལག་སློབ་གཉེར་ཁང་གི་མཁན་པོ་ནོར་བུ་རྒྱལ་མཚན། བན་ཆེན་དགོན་གྱི་མཁན་པོ་ བསོད་ནམས་འགྱུར་མེད། ཁྲ་འགུ་དགོན་གྱི་མཁན་པོ་ཆོས་རྒྱལ། བཅས་འདི་ལོར་སྤྱོད་ལམ་རྒྱུགས་བཞེས་ལ་ཕེབས་མཁན་དགོན་སྡེ་ཁག་ཉེར་ བཞི་པོ་རྣམས་ཉིན་གསུམ་རིང་སྤྱོད་ལམ་རྒྱུགས་བཞེས་ལེགས་པར་བསྐྱངས།

དེ་ཡང་སྡེ་ཚན་རྣམ་པ་ལྔའི་སྒོ་ནས་རྒྱུགས་བཞེས་མཛད་དེ། སྡེ་ཚན་ལྔ་ནི་ཐོག་མར་ན་བཟའ་མནབ་ཚུལ། གཉིས་པར་ཕྱག་འཚལ་ཚུལ། གསུམ་ པར་འགྲོ་འདུག་གཉིས། བཞི་པར་ན་བཟའ་ཇི་ལྟར་ལྟེབ་ཚུལ།
ལྔ་པར་གྲངས་དང་དུས་ཏེ་རྣམ་པ་ལྔའི་སྒོ་ནས་རེ་རེ་བཞིན་གོང་གསལ་དགོན་ཁག་ རྣམས་ཀྱི་རྒྱུགས་བཞེས་མཛད་དེ། ཐོག་མར་དགེ་སློང་རྣམས་ཀྱི་ཆོས་གོས་རྣམ་གསུམ་མནབ་ཚུལ་དང་ལྟེབ་ཚུལ། གདིང་བ་ཁ་སྒྱུར་ཚུལ། སྐུ་ ཕྱག་འབུལ་ཚུལ། གསོལ་ཚིགས་བཞེས་ཚུལ། ཚོགས་སུ་ཕེབས་བཞུགས་མཛད་ཚུལ། དབུ་ཞྭ་མནབ་ཚུལ། རྒྱལ་བའི་བཀའ་ འགྱུར་རིན་པོ་ ཆེ་ཆོས་སྐོར་དུ་གདན་འདྲེན་སྐབས་གོམ་སྟབས་དལ་ལྷོད་ཇི་ལྟར་འདོར་ཚུལ་བཅས་ཀྱི་སྤྱོད་ལམ་རྒྱུགས་བཞེས་ཡོངས་རྫོགས་རིམ་བཞིན་ བཞེས། དེ་བཞིན་དགེ་སློང་རྣམས་ཀྱི་རྒྱུགས་བཞེས་གྲུབ་མཚམས་དགེ་ཚུལ་རྣམས་ཀྱི་སྤྱོད་ལམ་ཡང་དེ་བཞིན་དུ་རེ་རེ་བཞིན་རྒྱུགས་བཞེས་ མཛད། དེ་ཡང་དུས་ཡུན་མགྱོགས་བུལ་གྱི་ཚད་གཞི་ཆུ་ཚོད་ཀྱི་དུས་བཀག་ཐོག་གྲ་སྒྲིག་གང་ལེགས་དང་རྒྱུགས་སྤྲོད་ཕུལ་ཕྱིན་རྣམས་ལ་བཀའ་བརྒྱུད་ སྨོན་ལམ་གྱི་ཉིན་མཐའ་མར་བྱ་དགའ་གསོལ་རས་སྩལ་རྒྱུའི་གཏན་འབེབས་མཛད་པ་ལྟར་སྩལ་རྒྱུ་ཡིན་འདུག །

༡) དགེ་ཚུལ་གསར་བུ་བ་ཞིག་ནས་ལག་གཉིས་སྤྱི་བོར་བཞག་སྟེ་ཕྱག་འཚལ་ཚུལ་གྱི་རིམ་པ་དང་པོའི་ལམ་སྟོན་བགྱིད་བཞིན་པ།

 

༢) ལག་ཟུང་མགྲིན་པར་སྦྱར་བ་སྟེ་ཕྱག་འཚལ་ཚུལ་གྱི་རིམ་པ་གཉིས་པ།

 

༣) རབ་བྱུང་ཞིག་ནས་པུས་བཙུགས་ཀྱི་སྒོ་ནས་ཕྱག་འཚལ་བའི་སྟངས་སྟབས།

 

 ༤) གྲྭ་བཙུན་རྣམས་ནས་ཚོགས་དང་གསུང་ཆོས་ཞུ་སྐབས་ཆོས་གོས་ངེས་པར་མནབ་དགོས།

 

༥) ཆོས་གོས་མནབ་བཞིན་པ། 

 

 ༦) ཆོས་གོས་ཇི་ལྟར་ཕུད་ཚུལ།

 

༧) གྲྭ་བཙུན་ཐུན་མོང་ནས་རང་ཉིད་གང་དུ་སྡོད་འདོད་པའི་ས་གཞིར་གདིང་བ་འདིངས་བཞིན་པ།

 

 ༨) གྲྭ་བཙུན་རྣམས་ལ་གསོལ་ཇ་འབུལ་བཞེས་སྐབས་བཞེས་ཕོར་ལག་གཉིས་ཀྱི་བར་དུ་བཟུང་ཞིང་ཡོན་བསྔོའི་བཟླས་བརྗོད་སྐབས་བཞེས་ ཕོར་ཅུང་ཟད་འདེགས་དགོས།

 

༩) ཚོགས་དང་གསུང་ཆོས་སྐབས་གྲལ་དུ་ཇི་ལྟར་འདུག་ཚུལ། 

 

 ༡༠) དགེ་སློང་རྣམས་ལ་རྒྱུགས་བཞེས་ཀྱི་རྣམ་གྲངས་མང་ཞིང་དཀའ་བ།

 

 ༡༡) དགེ་སློང་རྣམས་ནས་ཆོས་གོས་སྟེང་སྣམ་སྦྱར་མནབ་དགོས།

 

 ༡༢) སྣམ་སྦྱར་ཕུད་ཚུལ་དང་ཇི་ལྟར་ལྟེབ་ཚུལ།

 

 ༡༣) སྣམ་སྦྱར་ལྟེབ་བཞིན་པའི་བརྙན་པར།

 

 ༡༤) དགེ་སློང་རྣམས་ནས་འདུལ་བ་དང་མཐུན་པའི་ཆོས་གོས་ཇི་ལྟར་ཐོགས་ཚུལ་དང་། དེ་ཡང་ཐོག་མར་གདིང་བ་བལྟབས་ཏེ་ཕྲག་པ་གཡོན་ལ་གཟར་དགོས། དེ་རྟིང་ཆོས་གོས་ལྟེབ་སྟེ་གདིང་བའི་སྟེང་དུ་འགེལ་དགོས། དེ་མཇུག་སྔོན་ནས་བསྒྲིལ་བའི་སྣམ་སྦྱར་དེ་ཉིད་ལག་ངར་གཡོན་དུ་ཐོགས་དགོས།

 

 ༡༥) གྲྭ་བཙུན་རྣམས་ས་གཞིར་འཁོད་སྐབས་ཆོས་གོས་འོག་ནས་གདིང་བ་དལ་གྱིས་ཇི་ལྟར་དབྱུང་ཚུལ།

 

 ༡༦) རྡོར་གདན་བྱང་ཆུབ་མཆོད་རྟེན་ཆེན་མོར་དགེ་སློང་རྣམས་བཀའ་འགྱུར་ཆོས་སྐོར་དུ་བྱོན་སྐབས་གླེགས་བམ་ཕྲག་པ་གཡོན་དུ་ཇི་ལྟར་ ཐོགས་ཚུལ་དང་། ལག་གཡས་ཀྱིས་ཇི་ལྟར་སྐྱོར་ཚུལ་གྱི་བརྙན་པར།

 

 ༡༧) རྒྱལ་བའི་བཀའ་འགྱུར་གྱི་ཕྱག་དཔེ་རྣམས་དད་གུས་དང་ལྡན་པའི་སྒོ་ནས་ཇི་ལྟར་འགྲེམས་ཚུལ་དང་ལེན་ཚུལ་གྱི་སྦྱོང་བརྡར།

 

 ༡༨) དགེ་སློང་རྣམས་ནས་བསོད་སྙོམས་ཀྱི་ལྗོངས་རྒྱུར་ཇི་ལྟར་ཆ་ཤས་ལེན་ཚུལ་དང་། ལྷུང་བཟེད་ཇི་ལྟར་ཐོགས་ཚུལ། དེ་ཡང་ལྷུང་བཟེད་ལག་གཡོན་གྱི་ལག་མཐིལ་དུ་བཞག་སྟེ་ལག་གཡས་ཀྱིས་ཇི་ལྟར་སྐྱོར་ཚུལ་སོགས་ཀྱི་སྦྱོང་བརྡར་ཚུལ་བཞིན་བགྱིས།

 

འབྱུང་འགྱུར་དབུ་མཛད་གསར་བུ་བ་རྣམས་ལ་སྦྱོང་བརྡར་ལམ་སྟོན།

འབྱུང་འགྱུར་དབུ་མཛད་གསར་བུ་བ་རྣམས་ལ་སྦྱོང་བརྡར་ལམ་སྟོན།

ཚོགས་ཡུལ། སྨོན་ལམ་དཔེ་མཛོད་ཁང་།
དུས་ཡུན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༥ ནས་ ༢༧ བར།

ལོ་ཤས་སྔོན་ནས་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ནས་དབུ་མཛད་ཀྱི་སྦྱོང་བརྡར་དགོས་པའི་བཀའ་ཕེབས་བཞིན། འདི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༥ ཉིན་ནས་ ཚེས་ ༢༧ དབར་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གོ་སྒྲིག་འོག་ཀརྨ་ཀཾ་ཚང་གི་དགོན་སྡེ་ཁག་ནས་ཕེབས་པའི་གྲྭ་བཙུན་ཞལ་གྲངས་ལྔ་བཅུ་རྩ་དྲུག་ལ་དབུ་མཛད་ཁྲི་ཟུར་འོད་ཟེར་རབ་བརྟན་ལགས་ཀྱི་གཙོ་སྐྱོང་འོག་ཕྱག་རོགས་སུ་དབུ་མཛད་བགྲེས་པ་བཞི་སྟེ། ར་ལང་དཔལ་ཆེན་ཆོས་གླིང་ནས་དབུ་མཛད་བྱམས་པ་འོད་ཟེར་། བན་ཆེན་ཕུན་ཚོགས་དར་རྒྱས་གླིང་ནས་དབུ་མཛད་བློ་གྲོས་རྒྱ་མཚོ་དང་། དཔལ་དིལ་ཡག་དགོན་ནས་དབུ་མཛད་ཀརྨ་ཟླ་བ། ཀརྨ་ལེགས་བཤད་གླིང་ནས་དབུ་མཛད་མཁན་པོ་ཀརྨ་ཆོས་སྐྱིད་བཅས་དབུ་མཛད་རྣམ་པ་ལྔ་ནས་ལམ་སྟོན་སློབ་སྦྱོང་བླ་མེད་དུ་མཛད།

སྤྱིར་བཀའ་བརྒྱུད་སྨོན་ལམ་ཆེན་མོར་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་གསར་གཏོད་མཛད་པའི་ཆོ་གའི་གདངས་དབྱངས་ཇི་སྙེད་ཅིག་མཆིས་ནའང་མཚོན་ཙམ་ཞུས་ན། ལེགས་སྦྱར་སྐད་ཐོག་ཡོད་པའི་སྐྱབས་འགྲོ་དང་ཤེས་རབ་སྙིང་པོའི་རྟ་དབྱངས། དེ་བཞིན་བོད་སྐད་དུ་ཐུབ་བསྟོད། སྒྲོལ་མ་ཉེར་གཅིག་པའི་བསྟོད་པ། ཕྱག་ཆེན་སྨོན་ལམ། མར་མེ་སྨོན་ལམ་ལ་སོགས་པའི་གདངས་དབྱངས་ཀྱི་ཐོག་ཏུ་གོང་གསལ་དབུ་མཛད་གསར་བུ་བ་ཡོངས་ནས་སྦྱོར་བརྡར་གང་ལེགས་མཛད་ཡོད།

 

སྤོས་བཟོ་ཚན་པའི་བཙུན་མ་རྣམས་ནས་སྤོས་བཟོའི་ལས་འགུལ་གྱི་ལོ་ རིམ་གསུམ་པ།

སྤོས་བཟོ་ཚན་པའི་བཙུན་མ་རྣམས་ནས་སྤོས་བཟོའི་ལས་འགུལ་གྱི་ལོ་ རིམ་གསུམ་པ།

ཕྱི་ལོ་ ༢༠༢༠ ཟླ་བ་དང་པོའི་ཚེས་ ༢༨ ཉིན། བཀའ་བརྒྱུད་སྨོན་ལམ་ཆོས་ར། གནས་མཆོག་རྡོ་རྗེ་གདན།
རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག་ཀཾ་ཚང་བཙུན་དགོན་ཁག་ནས་ཕེབས་པའི་ བཙུན་མ་ཞལ་གྲངས་བཅུ་བདུན་ནས། འདི་ལོ་སྤོས་བཟོའི་ལས་འགུལ་ཐེངས་གསུམ་པའི་སྦྱོང་བརྡར་ཚན་པའི་ནང་ མཉམ་ཞུགས་མཛད་ཡོད། ལས་འཆར་འདི་ཉིད་ཐོག་མར་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་བཀའ་དགོངས་ ལམ་སྟོན་མཛད་པ་ལྟར། ད་ལྟ་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ་ནས་གཟིགས་སྐྱོང་གི་ཐུགས་ཁུར་བཞེས་བཞིན་པ་ཡིན། སྦྱོང་བརྡར་ཚན་པ་འདིར་ལྷ་རྗེ་ཟླ་བ་ལགས་ནས་ལམ་སྟོན་སློབ་སྤེལ་སྐྱོང་བཞིན་པ་དང་། དེ་བཞིན་ཁོང་གི་ཕྱག་རོགས་ཐེ་ཝན་ནས་ཡིན་པའི་རྒྱའི་སྤོས་བཟོའི་ལག་རྩལ་ལ་རབ་ཏུ་བྱང་བའི་ལྕམ་ཅིའུ་ཇུ་ཡི་ལགས་ དང་། གཞན་ཡང་ཇོ་མོ་བྱང་ཆུབ་སྒྲོལ་མ་ལགས་ནས་རྒྱའི་གསུང་བསྒྱུར་དང་སྦྲགས་བཙུན་མ་རྣམས་ཀྱི་སྣེ་འཁྲིད་སོགས་ ལས་གཞིའི་ནང་མཉམ་ཞུགས་གནང་ཡོད། སྤོས་བཟོ་བ་རྣམས་ནས་རྫས་སྦྱོར་ཁག་གནའ་བོའི་ལམ་སྲོལ་གྱི་ཐབས་ལམ་ ཁག་གཙོ་འདོན་གྱིས་ཕྱག་ལེན་སྐྱོང་བཞིན་ཡོད།

༡) བཙུན་མ་རྣམ་པའི་བརྙན་པར།.

 

༢) ལྷ་རྗེ་ཟླ་བ་ལགས་ནས་དངོས་རིགས་རྩ་ཆེ་ཁག་དང་རྫས་སྦྱོར་རྣམས་ཇི་ལྟར་བསྣུར་ཚུལ་གྱི་ལམ་སྟོན་མཛད་བཞིན་པ།

 

༣) བཙུན་མ་རྣམ་པས་ཐུགས་སྣང་ཆེན་པོས་གསན་གཟིགས་མཛད་བཞིན་པ།

 

༤) གནའ་སྲོལ་གྱི་སྨན་བསྣུར་བའི་ཡས་གཏུན་དང་མས་གཏུན།

 

༥) སྤོས་བཟོའི་ཡོ་བྱད་ཁག་གོ་སྒྲིག་བགྱིད་བཞིན་པ།

 

༦) སྤོས་རྫས་སྣུར་བའི་གཏུན་བུ་གོ་སྒྲིག་བགྱིད་བཞིན་པ།

 

༧) བདུག་སྤོས་སྐྲུན་པའི་རྫས་སྦྱོར་ཕྱེ་མ་འཚག་ཕྱིར་ཀུན་ལ་བགོ་འགྲེམས་མཛད་བཞིན་པ།

 

༨) གློག་གི་སྣུར་འཕྲུལ་སྤྱོད་བཞིན་པ།

 

༩) སྤོས་ཀྱི་རྫས་སྦྱོར་འཐག་རྗེས་ཁྲོལ་འཚག་ནང་ལྡུག་བཞིན་པ།

 

༡༠) འཚག་བཞིན་པ།

 

༡༡) སྤོས་བཟོའི་འཕྲུལ་སྦུབས་ལས་སྤོས་རྐང་སྲད་བུ་ལྟར་འཐོན་བཞིན་པ།

 

༡༢) སྤོས་རྐང་རྣམས་ཆ་གསུམ་དུ་བགོས་ཏེ་ཤིང་གཞོང་ནང་གྲལ་བསྒྲིགས་ཏེ་འཇོག་བཞིན་པ།

 

༡༣) སྤོས་སྐམ་པའི་གཞོང་སྟེང་དུ་སྤོས་རྐང་རྣམས་རེ་རེ་བཞིན་སྤོ་བཞིན་པ།

 

༡༤) མཁན་ཆེན་བློ་གྲོས་དོན་ཡོད་རིན་པོ་ཆེ་མཆོག་སྤོས་བཟོ་ཚན་པར་གཟིགས་ཞིབ་སྐྱོང་བཞིན་པ།

 

༡༥) མཁན་ཆེན་བློ་གྲོས་དོན་ཡོད་རིན་པོ་ཆེ་མཆོག་ནས་རྟེན་མཚོན་ཕྱིར་སྤོས་ཕྱེ་གཏུན་སྟེང་དུ་སྣུར་བར་མཛད་བཞིན་པ།

 

༡༦) མཁན་ཆེན་རིན་པོ་ཆེ་མཆོག་ནས་སྤོས་ཀྱི་རྫས་སྦྱོར་ཁག་སྣུར་བར་མཛད་བཞིན་པ།

 

༡༧) མཁན་ཆེན་རིན་པོ་ཆེ་མཆོག་ནས་རྩོལ་བ་ཆེན་པོས་སྤོས་རྫས་སྣུར་བའི་ཕྱག་ལས་ལ་བརྩོན་པར་མཛད་བཞིན་པ།