སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༢ པའི་སྤྱི་ཚེས་ ༡ དགོང་མོ།
སྤྱིར་བཏང་སངས་རྒྱས་བསྟན་པའི་གསོས་སུ་སྨིན་པའི་དཔལ་༧རྒྱལ་དབང་ཀརྨ་པའི་གསང་གསུམ་འཕྲིན་ལས་ཀྱི་མཛད་པ་ཟབ་མོ་ཇི་སྙེད་བསྒྲུབས་དང་སྒྲུབ་བཞིན་པའི་ནང་གསེས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྤྱོད་ལམ་རྒྱུགས་སྤྲོད་ཏེ། དེ་ཡང་ལོ་ལྟར་སྨོན་ལམ་མ་ཚོགས་པའི་སྔོན་ཉིན་འགའ་ཤས་རིང་བཀའ་བརྒྱུད་སྨོན་ལམ་ལ་ཕེབས་པའི་དགེ་འདུན་བཙུན་པ་བཙུན་མ་རྣམས་ལ་སྤྱི་ཁྱབ་ཆོས་ཁྲིམས་པ་དབུས་པའི་མཁན་པོ་རྣམ་པས་གཟུ་དཔང་མཛད་དེ་སྔོན་འགྲོའི་སྤྱོད་ལམ་རྒྱུགས་བཞེས་གནང་ཚུལ་ཡོད་ཀྱང་། འདི་ལོ་དམིགས་བསལ་རྒྱུགས་བཞེས་མེད་པར་སྨོན་ལམ་ཆོས་རྭར་ཟབ་སྦྱོང་གི་ལམ་ནས་སློབ་སྟོན་གནང་སོང་། དེ་ཡང་དགོན་སྡེ་ཁག་རེ་རེ་ནས་སྤྱོད་ལམ་རྒྱུགས་སྤྲོད་སྦྱངས་པ་ཡོད་མཁན་དགེ་འདུན་པ་གཉིས་རེ་ཆོས་རའི་གར་སྟེགས་ཐོག་ནས། ན་བཟའ་ནབ་ཚུལ་དང་། དལ་བར་ཕེབས་ཚུལ། ཚོགས་གྲལ་དུ་བཞུགས་ཚུལ། ཕྱག་འཚལ་ཚུལ། གདིང་བ་ཁ་སྒྱུར་ཚུལ་དང་། ཆོས་གོས་དང་སྣམ་སྦྱར་གདིང་བ་གསུམ་ཕྲག་པ་གཡོན་པར་ཇི་ལྟར་གཟར་དགོས་ཚུལ་དང་། ན་བཟའ་ཇི་ལྟར་ལྟེབ་ཚུལ་སོགས་གྲྭ་བཙུན་གསར་པ་རྣམ་པར་མིག་དཔེའི་ཚུལ་དུ་ཟབ་སྦྱོང་གནང་ཡོད་པ་དང་། དེ་དང་ལྷན་དུ་སྤྱི་ཁྱབ་མཁན་རིན་པོ་ཆེ་སྐལ་བཟང་ཉི་མ་མཆོག་ནས་སྤྱོད་ལམ་འདི་གལ་ཆེན་པོ་ཡིན་པ་དང་། རྒྱལ་དབང་མཆོག་གི་ཡུན་རིང་ཚད་ལྡན་འདུལ་བའི་གཞུང་དཔེ་རྙིང་པ་ཁག་ཁུངས་སུ་བཅོལ་ནས་གཏན་འབེབས་གནང་བ་ཞིག་ཡིན་པའི་བྱུང་རབས་རགས་བསྡུས་དང་། གལ་གནད་ཆེན་པོ་ཡིན་པས་རང་རེ་གྲྭ་བཙུན་ཡོངས་ནས་ཐུགས་ཁུར་གནང་དགོས་པ་དང་། ལྷག་པར་དད་ལྡན་དྭངས་བ་འདྲེན་པའི་ཐབས་མཆོག་ཡིན་པས་དྲྭ་ལམ་བརྒྱུད་ནས་འཛམ་གླིང་ཤར་ནུབ་ཀྱི་དད་ལྡན་མང་པོས་གཟིགས་ཀྱི་ཡོད་པ་དང་མཉམ་བཞུགས་གནང་གིས་ཡོད་པས་སྤྱོད་ལམ་ཚུལ་མཐུན་གནང་དགོས་ཚུལ། ལྷག་པར་དད་ལྡན་འགའ་ཤས་བཀའ་བརྒྱུད་སྨོན་ལམ་ལ་བཅར་འདོད་ཀྱི་སྐོམ་པ་ཆུ་འདོད་ལྟར་ཡོད་ཀྱང་བཅར་མ་ཐུབ་པ་མང་པོ་ཡོད་པས་ཚང་མས་ཀུན་སྤྱོད་ཚུལ་མཐུན་གནང་དགོས་པའི་བཀའ་སློབ་བཅས་སྩལ་གནང་སོང་། །
ཞེས་སྤྱི་ལོ་༢༠༢༥/༠༢/༢ ཉིན་བཀའ་བརྒྱུད་སྨོན་ལམ་གནས་ཚུལ་ཕྱོགས་བསྡུས་པ་ཀརྨ་བསོ་རྒྱལ་པས།
