༈ འཕགས་ཡུལ་རྡོར་གདན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༨ པའི་ཉིན་བརྒྱད་པ། སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༠༡ ཚེས་ ༢༥ པའི་དགོང་དྲོར། སྨོན་ལམ་གྱི་སྔོན་འགྲོའི་གསུང་ཆོས་དང་། དངོས་གཞིའི་སྨོན་ལམ་བསྔོ་བ་དང་བཀྲ་ཤིས་བཅས་ལེགས་པར་གྲུབ་པའི་རྗེས་སུ། མཐར་མར་མེ་སྨོན་ལམ་གྱི་སྐབས་སུ་བབས་པ་ལགས་ཏེ། དེ་ཡང་སྨོན་ལམ་གྱི་ཚོགས་མགོན་དུ་དངོས་སུ་བཅར་གནང་མཛད་པའི་༧བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་གིས་གཙོས་པའི་དད་ལྡན་དགེ་སློང་ཕ་མ། དགེ་ཚུལ་ཕ་མ་དང་། དགེ་བསྙེན་ཕ་མ་སྟོང་ཕྲག་ཚོགས་པའི་དབུས་སུ། ཐོག་མར་བོད་སྐད་དང་། དབྱིན་སྐད། དེ་བཞིན་རྒྱ་ནག་སྐད་དུ་མཚམས་སྦྱོར་བ་རྣམས་ཀྱིས་སྒྲོག་སྦྱང་མཛད་པ་ལྟར་དུ་མཛད་རིམ་དང་པོ། བཀའ་བརྒྱུད་སྨོན་ལམ་གྱི་དབུ་མཛད་རྣམས་ཀྱིས་རྒྱ་གར་ལེགས་སྦྱར་སྐད་དུ་སྐྱབས་འགྲོ་དང་། བསྔོ་བ་སྨོན་ལམ་དང་བཅས་པ་གསུངས་གྲུབ་རྗེས།
མཛད་རིམ་གཉིས་པ། ཁྲ་འགུ་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་དགེ་སློང་དང་། འབྲུག་ཀརྨ་སྒྲུབ་སྡེ་དཔལ་མོ་ཆོས་ཀྱི་ལྡིང་ཁང་གི་དགེ་ཚུལ་མ་རྣམས་ནས་དཀོན་མཆོག་གསུམ་གྱི་བསྟད་དབྱངས་སྙན་མོ་དབྱངས་སུ་གྱེར་བ་དང།
མཛད་རིམ་གསུམ་པ། བཀའ་བརྒྱུད་སྨོན་ལམ་གྱི་དབུ་མཛད་རྣམས་ནས་སྤྱན་རས་གཟིགས་འགྲོ་དོན་མཁའ་ཁྱབ་མའི་སྒོམ་བཟླས་དང་མ་ཎི་འབྲུ་དྲུག་མ་དབྱངས་སུ་གྱེར་གནང་མཛད་པ་དང་།
མཛད་རིམ་བཞི་པ། ཁྲ་འགུ་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་དགེ་སློང་དང་། འབྲུག་ཀརྨ་སྒྲུབ་སྡེ་དཔལ་མོ་ཆོས་ཀྱི་ལྡིང་ཁང་གི་དགེ་ཚུལ་མ་རྣམས་ནས་༧རྒྱལ་དབང་བཅུ་བདུན་པ་མཆོག་གིས་མཛད་པའི་གསང་གསུམ་ཐུགས་རྗེའི་དབྱངས་རྟ་སྙན་མོ་དབྱངས་སུ་གྱེར་འདོན་མཛད་པ་དང།
མཛད་རིམ་ལྔ་པ། ཇོ་བོ་རྗེས་མཛད་པར་གྲགས་པའི་མར་མེ་སྨོན་ལམ་ཉིད་ཐོག་མར་༧རྒྱལ་དབང་མཆོག་གིས། མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཁམས་ཀྱི་ཁོར་ཡུག་དང་མཉམ་པར་གྱུར་ཅིག །སོགས་ཞལ་འདོན་མཛད་པའི་སྒྲ་བརྙན་དེའི་རྗེས་ཟློས་མཛད་ནས་མར་མེ་སྨོན་ལམ་འདི་ཉིད་བོད་སྐད་དང། དབྱིན་སྐད། དེ་བཞིན་རྒྱ་ནག་སྐད་བཅས་སུ་རྣ་བར་སྙན་ཞིང་ཡིད་དུ་འཇེབས་པའི་དབྱངས་སུ་གྱེར་ནས་ལེགས་པར་གྲུབ་གནང་མཛད།
ཞོར་དུ་མར་མེ་སྨོན་ལམ་གྱི་འབྱུང་རིམ་མདོར་བསྡུས་ཤིག་ཞུ་ན། དེ་ཡང་། འཕགས་པ་གྲོང་ཁྱེར་གྱིས་འཚོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། དེ་ནས་དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་དེ་བཞིན་གཤེགས་པ་མཆོད་ཕྱིར། སྟོན་ཟླ་ཐ་ཆུང་ས་ཟླ་བ་ཉ་བའི་ཚེས་བཅྭ་ལྔ་ལ། འབྲུ་མར་ཟངས་པོ་ཆེ་སྟོང་བཀང་སྟེ། དངར་ནས་མར་མེ་སྦར་བའི་འོད་ཀྱིས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཞིར་སྣང་བས་ཁྱབ་པར་བྱས་སོ། །ཞེས་གསུངས་པ་སོགས་མར་མེ་ནི་བསྟན་པ་འདིའི་བདག་པོའམ་སྟོན་པ་ཤཱཀྱ་ཐུབ་པའི་སྐབས་ནས་མར་མེའམ་མཆོད་མེ་འབུལ་ཚུལ་ཡོད་པའི་ལོ་རྒྱུས་བཀའ་འགྱུར་དངོས་སུ་མཇལ་རྒྱུ་ཡོད་པ་ཡིན།
དེ་ལྟ་བུའི་མར་མེ་འབུལ་དགོས་པའི་རྒྱུ་མཚན་ཡང་། ༧སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས། “མར་མེ་འབུལ་དགོས་པའི་དོན་དག་ངོ་མ་དེ་གང་རེད་ཟེར་ན། སྔོན་གྱི་སངས་རྒྱས་ཐམས་ཅད་གང་འདྲ་བྱས་ནས་སངས་རྒྱས་པ་དང་། ང་རང་ཚོ་སེམས་ཅན་ཐམས་ཅད་གང་བྱས་ནས་སངས་མ་རྒྱས་པར་འཁོར་བ་ལ་འཁྱམས་པ་རེད། དེའི་རྒྱུ་མཚན་ཤེས་དགོས། དེའི་རྒྱུ་མཚན་ནི་ང་རང་ཚོའི་རྒྱུད་ལ་མ་རིག་པ་ཟེར་བ་ཞིག་ཡོད་པ་རེད། མ་རིག་པ་ཟེར་ན་མ་ཤེས་པ། གང་མ་ཤེས་པ་རེད་ཟེར་ན། དོན་ངོ་མ་དེ་མ་ཤེས་པ་རེད། དོན་ངོ་མ་ཟེར་བ་དེ་རང་གི་སེམས་ཀྱི་གནས་ལུགས་ཡང་དག་པ་མཐོང་བ་དེ་རེད། ཡིན་ནའང་ང་རང་ཚོས་དེ་མཐོང་མ་ཐུབ་པ་རེད། གང་འདྲ་བྱས་ནས་མཐོང་མ་ཐུབ་པ་རེད་ཟེར་ན། བག་ཆགས་ཀྱི་དབང་གིས་འདོད་ཆགས། ཞེ་སྡང་། ཕྲག་དོག ང་རྒྱལ་ལ་སོགས་པའི་རྣམ་རྟོག་བཀྲ་མི་ཤིས་པ་དེ་ཚོ་ལ་བརྟེན་ནས་རང་གི་སེམས་ཀྱི་ངོ་བོ་མཐོང་མ་ཐུབ་པ་རེད། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་ནི་ཞེ་སྡང་། ཁོང་ཁྲོ། ང་རྒྱལ་དེ་ཚོ་ཐམས་ཅད་སྤངས་པ་ལ་བརྟེན་ནས་སངས་རྒྱས་ཐུབ་པ་རེད།” ཅེས་གསུངས་པ་དང་།
དེ་བཞིན་མར་མེ་འབུལ་དགོས་པའི་དོན་ཡང་དེ་ཉིད་ཀྱིས། “དཔེར་ན་མུན་ནག་གི་ཁང་པའི་ནང་དུ་རང་གི་ཅ་དངོས་གང་ཡང་མཐོང་མི་ཐུབ་ཅིང་། གལ་སྲིད་མར་མེའམ་གློག་ལྟ་བུ་ཞིག་སྤར་ན་ཅ་དངོས་ཐམས་ཅད་མ་ནོར་བ་མ་འཛོལ་བར་མཐོང་ཐུབ་པ་ལྟར། རིག་པ་ཡེ་ཤེས་ཀྱི་མར་མེ་དེ་སྤར་བས་སེམས་ཅན་ཐམས་ཅད་ཀྱི་བློ་མ་རིག་པ་ལ་བརྟེན་པའི་བདེན་འཛིན་གྱི་བློ། བདག་འཛིན་གྱི་བློ། འདོད་ཆགས་དང་། ཞེ་སྡང་། ཁོང་ཁྲོ། ང་རྒྱལ་སོགས་ཀྱི་རྣམ་རྟོག་ཐམས་ཅད་རང་སར་ཞི་ནས། རང་གི་སེམས་ཀྱི་གདོད་མའི་གནས་ལུགས་གང་འདྲ་ཡོད་པ་མཐོང་ཐུབ། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཐུབ་པ་དང་། མར་མེ་འབུལ་དགོས་པའི་དོན་དག་ངོ་མའང་དེ་རེད།” ཅེས་གསུངས་པ་དང་།
ཡང་དེ་ཉིད་ཀྱིས། “མར་མེ་ཟེར་བ་དེ་འོད་ཀྱི་རང་བཞིན་ཡིན། འོད་དེས་རང་གི་སེམས་ཀྱི་གནས་ལུགས་སམ་ཤེས་རབ་མཚོན་གྱི་ཡོད་ཅིང་། ཤེས་རབ་བམ་རིག་པ་ཡེ་ཤེས་ཀྱི་འོད་དེ་སྤར་ཐུབ་ན་ནང་གི་གཏི་མུག་མ་རིག་པ། རྨོངས་པ་དེ་དག་སེལ་ཐུབ་པ་དང་། དེ་བསལ་བ་ལ་བརྟེན་ནས་སངས་རྒྱས་པའམ་ཡང་དག་པ་མཐོང་བ་ཞེས་པ་ཡོང་ཐུབ་ཀྱི་ཡོད་པ་དང་། དགེ་བ་དེ་སེམས་ཅན་ཐམས་ཅད་ལ་ཐོབ་པར་ཤོག ཅེས་སྨོན་ལམ་བཏབ་ནས་མར་མེ་སྟོང་ཕྲག་ཁྲི་ཕྲག་མང་པོ་ཇི་ཙམ་འབུལ་བ་དེའི་གྲངས་དང་མཉམ་པའི་ཕན་ཡོན་ཐོབ་ཐུབ།“ ཅེས་གསུངས་པ་ལྟར་ལགས་ཤིང་།
སྤྱིར་བཏང་མར་མེ་ཕུལ་བས། འཆི་བའི་དུས་ཀྱི་སྣང་བ་གསུམ། ཟང་ཟིང་མེད་པའི་དགའ་བ་བཞི། འདུན་པ་བཞི། ཡོངས་སུ་དག་པ་བཞི། ཆོས་ཀྱི་མཆོག་བརྒྱད། སོ་སོ་ཡང་དག་བཞི་ལ་སོགས་པ་འཐོབ་པར་བཤད་ཅིང་། དེ་ཡང་དཔེར་ན། སྔོན་དབུལ་མོ་བསྙེན་དགའ་མོ་ཞེས་བྱ་བས་རྒྱལ་བློན་སོགས་ཀྱིས་སངས་རྒྱས་སྲས་བཅས་རྣམས་ལ་མར་མེ་འབུལ་བ་མཐོང་ནས་ཉིན་གཅིག་གི་རིང་སློང་མོ་བྱས་ནས་ཐོབ་པའི་དོང་རྩེ་གཅིག་པུས་མར་ཉོས་ནས། ནང་གི་བསམ་པ་ཀུན་སློང་རྣམ་པར་དག་པས་མཆོད་པ་ཕུལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་མ་འོངས་པར་མར་མེ་འོད་ཅེས་བྱ་བའི་ངོ་བོར་འཚང་རྒྱ་བར་ལུང་བསྟན་པའི་ལོ་རྒྱུས་མདོ་མཛངས་བླུན་ལས་བྱུང་བ་ལྟ་བུའོ། །
དེས་ན་མར་མེའི་སྡོང་ཤིང་རྣོ་བས། རིག་པ་རྣོ་བ། སྡོང་བུའི་རྩ་བ་བརྟན་པས། བསམ་གཏན་དང་། སྡོང་བལ་རིམ་པ་གསུམ་དུ་དཀྲིས་པས། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས་གསུམ་དང་། མར་ཁུ་མར་གྱིས་གང་བས། སྦྱིན་པ་སྟེ་ཕར་ཕྱིན་དྲུག་མཚོན་པ་སོགས་ཀྱི་ཕན་ཡོན་མང་དུ་མཆིས་ཀྱང་། སྐབས་བབས་ཀྱི་དུས་ཚོད་ཀྱི་བྲེལ་ཟིང་ཆེ་བ་དང་སྟབས་བསྟུན་ནས་མདོར་བསྡུས་སུ་བཞག་གོ །
ཞེས་པའང་སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༠༡ ཚེས་ ༢༥ ཉིན། འཕགས་ཡུལ་རྡོར་གདན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སུམ་ཅུ་སོ་བརྒྱད་པའི་མར་མེ་སྨོན་ལམ་གྱི་གནས་ཚུལ་སྙིང་བསྡུས་སུ་པདྨ་དབང་རྒྱལ་མིང་པས་མཚན་གུང་ཆུ་ཚོད་ ༡༢:༠༣ པའི་སྟེང་བྲིས་ནས་གྲུབ་པ་དགེའོ།། །།སརྦ་མངྒ་ལཾ།། །།