KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
ཞི་བར་གཤེགས་པ་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ།

ཞི་བར་གཤེགས་པ་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ།

༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་ཞིག་སྡེ་ཚན་བཞིའི་སྒོ་ནས་དྲ་ལམ་གསན་གཟིགས་གནང་མཁན་ཡོངས་ཀྱི་སྤྱན་ལམ་དུ་ཕུལ་ན།
༡༽ སྐུ་ཕྲེང་བརྒྱུད་རིམ་དང་སྐུ་ཡོན་གསན་ཕྱོགས་རགས་བསྡུས་ཙམ།
ལ་ལཱ་རཱའ་སཱ་དྷཱུ་ཏིར་དག་པའི་མཐུས། །
དབེན་གསུམ་བདུད་རྩིས་བརླན་པའི་པདྨ་ཅན། །
མི་ཤིགས་སྙིང་པོའི་ཆར་ཡང་རྡོ་རྗེའི་སྲོག །
ལོ་ཙཱ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། ། ཞེས་སྒོ་གསུམ་གུས་ཕྱག་གི་མཆོད་པ་བརྗོད་པས་མདུན་བསུས་ཏེ། དེ་ཡང་། བོད་གངས་ཅན་ལྗོངས་ཞེས་པའི་འཛམ་གླིང་ས་ཡི་གཙུག་རྒྱན་ཆོས་ལྡན་གྱི་ཞིང་ཁམས་འདིར་རྒྱལ་བའི་བསྟན་པ་སྔ་དར་གྱི་དུས་སུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་སྲས་བུ་ཆེན། རྗེ་འབངས་ཉེར་ལྔའི་ཡ་གྱལ་ཤུད་བུ་དཔལ་གྱི་སེང་གེའི་རྣམ་སྤྲུལ་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་དང་། དེའི་རྗེས་སུ་བསྟན་པ་ཕྱི་དར་གྱི་སྐབས་སུ་རྒྱ་གར་འཕགས་པའི་ཡུལ་དུ་ཉི་ཟླ་ལྟར་གྲགས་པའི་པན་ཆེན་ནཱ་རོ་ཡབ་སྲས་ཀྱི་ཐུགས་སྲས་ཀྱི་བུ་ཆེན་སྒྲ་བསྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་བ་ཆེན་པོའི་ཐུགས་སྲས་བུ་ཆེན། ཀ་ཆེན་བཞི་ཡི་ནང་ནས་བཤད་པའི་བཀའ་བབ་གཙོ་བོ་འཛིན་པའི་རྔོག་ཆོས་སྐུ་རྡོ་རྗེའི་རྣམ་སྤྲུལ་དུ་ཕེབས་ནས་སྒྲུབ་བརྒྱུད་པའི་བསྟན་པ་རིན་པོ་ཆེ་དར་སྤེལ་གནང་ཡོད། དེ་ཡང་༧རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེས་རྔོག་ཆོས་སྐུ་རྡོ་རྗེ་དང་ངོ་བོ་གཉིས་སུ་མེད་པ་ཡིན་གསུངས་པ་བཞིན་དུ། རྒྱ་བོད་ཀྱི་མཁས་ཤིང་གྲུབ་པའི་དབང་ཕྱུག་རྣམས་ཀྱི་གདམས་ཟབ་མན་ངག་གི་གཏེར་ལྟ་བུའི་བསྟན་པའི་སྲོག་ཆེན་འཛིན་པའི་ཤུད་བུ་དཔལ་གྱི་སེང་དང་རྔོག་ཆོས་སྐུ་རྡོ་རྗེའི་རྣམ་སྤྲུལ་མི་ཡི་གར་དུ་རོལ་བའི་སྐུ་ཕྲེང་དགུ་པ་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ཆུ་མོ་བྱ་སྤྱི་ལོ་༡༩༣༣ ལོ་ལ་བོད་ཀྱི་ཁམས་སྒ་ཡུལ་དུ་ཡབ་ཀུན་དགའ་དོན་གྲུབ་དང་ཡུམ་སྐལ་བཟང་དབང་མོ་གཉིས་ཀྱི་སྲས་སུ་འཁྲུངས་ནས། ༧རྒྱལ་དབང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་དང་། སི་ཏུ་པདྨ་དབང་མཆོག་རྒྱལ་པོ་རྣམ་གཉིས་ཀྱིས་ཁྲ་འགུ་སྐུ་ཕྲེང་དགུ་པར་ངོ་མཚར་བའི་ངོས་འཛིན་གནང་སྟེ། ཆོས་སྒོར་ཞུགས་ཤིང་ཡི་གེ་འབྲི་ཀློག་ནས་བརྩམས་ཏེ་གཞིས་ཀྱི་གདན་ས་ཁྲ་འགུ་ཆོས་འཁོར་གླིང་དགོན་ལ་རྒན་ཀརྨ་དབང་ཕྱུག་སྐུ་མདུན་ནས་རིགས་གནས་ཕྱོགས་ནས། དག་ཡིག་སུམ་རྟགས། སྙན་ངག སྒྲ་རིག་པ་དང་རྩིས་དཀར་ནག་སོགས་གསན་གཟིགས་གནང་། མཁན་ཆེན་བློ་གྲོས་རབ་གསལ་སྐུ་མདུན་ནས་མདོ་ཕྱོགས་ཀྱི་གཞུང་ཆེན་པོད་ལྔ་གཙོས་བྱམས་ཆོས་སོགས་གསན་སྦྱོང་གནང་། དེའི་སྐབས་སུ་ཁྲ་ལེགས་སྐྱབས་མགོན་སྐུ་གོང་མ་བཤད་སྒྲུབ་ཆོས་ཀྱི་སེང་གེ་དང་ཟུར་རུ་རིན་པོ་ཆེ་སྐུ་གོང་མ་མདོ་སྔགས་ཆོས་ཀྱི་སེང་གེའི་དྲུང་ནས་ཐུན་མོང་ཐུན་མོང་མིན་པའི་དབང་ལུང་མན་ངག་ཞུས་ནས་སྐུ་མཚམས་བཞུགས་པ་སོགས་རྟག་རྒྱུན་གྱི་དཀའ་སྤྱོད་བརྩོན་འགྲུས་དྲག་པོས་ཐོས་བསམ་སྒོམ་གསུམ་དཔྱིས་ཕྱིན་པ་གནང་བར་མཛད།
སྤྱི་ལོ་༡༩༥༩ ལོ་བོད་ལ་དུས་ལོག་པའི་རྐྱེན་གྱི་བཙན་བྱོལ་དུ་ཕེབས་དགོས་བྱུང་ནས་དུས་ཀྱི་རླུང་འཚབ་དོག་ཀྱང་། དེ་ཡང་། མཁས་པ་དཔེ་དང་མ་བྲལ་ན། །དཔེ་ཡིས་མཁས་པ་བསླུ་མི་སྲིད། ། ཅེས་གསུངས་པ་དང་།
སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང་།
ཚུལ་གནས་ཐོས་དང་བསམ་ལྡན་པས། །
སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས གསུངས་པ་ལྟར། དུས་ཀྱི་དཀའ་ངལ་གྱི་རླུང་འཚབ་ཇི་ལྟར་རྒོད་ཀྱང་ཐུགས་བསྐྱེད་ཟབ་མོས་བརྩོན་པའི་ཆུ་བོ་རྒྱུན་སྐྱོང་གནང་སྟེ། སྔགས་ཕྱོགས་ནས། ཟབ་མོ་ནང་དོན། བརྟག་གཉིས། གསང་སྙིང་། སྨིན་གྲོལ་དབང་གི་སྐོར་སོགས་ཐུན་མོང་དང་ཐུན་མིན་སྔོན་འགྲོ། ཆོས་དྲུག་དང་ཕྱག་ཆེན། བསྐྱེད་རྫོགས་སྐོར་སོགས་ལ་ཐོས་བསམ་སྒོམ་གསུམ་བྲལ་མེད་དུ་གནང་ཡོད་ལ། ལྷག་པར་དུ་༧རྒྱལ་དབང་བཅུ་དྲུག་པ་མཆོག་གི་ཞལ་སྔ་ནས། ཕྱག་ཆེན་མ་རིག་མུན་སེལ། ཆོས་སྐུ་མཛུབ་ཚུགས། སྐུ་གསུམ་ངོ་སྤྲོད། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་དང༌། ཕྱག་ཆེན་སྔོན་འགྲོོ། ལམ་མཆོག་རིན་ཆེན་ཕྲེང་བ། དོ་ཧཱ་མཛོད་སོགས་ཀྱི་ཁྲིད་ལུང་གནང་བ་ཐོབ།
༢༽ཕྱག་འགན་བཞེས་ཕྱོགས་དང་སྲི་ཞུ་གནང་ཕྱོགས་སྐོར་རགས་བསྡུས་ཙམ།  
སྤྱི་ལོ་༡༩༦༧ ལོ་ལ། གངས་ཅན་ལྷག་པའི་ལྷ་མཆོག ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་༧སྐྱབས་མགོན་ཕྱག་ན་པདྨོ། ༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་བརྩེའི་གྲིབ་བསིལ་འོག་ནས། སྦག་ས་ཆོས་སྒར་དུ་འཕགས་ཚོགས་འདུས་མང་སྟོང་ཚོ་གཅིག་ལྷག་གི་སྐུ་མདུན་དུ་ཐུན་མོང་གཞུང་ཆེན་བཀའ་པོད་ལྔ་དང་། ཐུན་མིན་ནང་བརྟག་རྒྱུད་གསུམ་གྱིི་བཤད་རྒྱུགས་དང་དགེ་བཤེས་ལྷ་རམ་པའི་དམ་བཅའ་བཞག་སྟེ་དགེ་བཤེས་ལྷ་རམ་པའི་མཚན་གནས་བཞེས།
སྤྱི་ལོ་༡༩༦༧ ལོར་དཔལ་ཀརྨ་པའི་བྱེས་ཀྱི་གདན་ས་བཤད་སྒྲུབ་ཆོས་འཁོར་གླིང་འབྲས་ལྗོངས་རུམ་བཏེག་ལ་༧རྒྱལ་དབང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་གི་བཀའ་བརྒྱུད་ཡོངས་ཀྱི་མཁན་ཆེན་སུམ་ལྡན་རྡོ་རྗེ་འཛིན་པ་ལ་གསེར་ཁྲིར་མངའ་གསོལ་གནང་བ་ནས་བཟུང་། གདན་ས་དེ་ཉིད་དུ་ལོ་ངོ་ཧྲིལ་པོ་བཅུ་བདུན་ལྷག་གི་རིང་དུ་གདན་སའི་མཁན་པོ་གནང་སྟེ། ཀུན་གཟིགས་ཞྭ་དམར་རིན་པོ། ཀྭན་ཏིང་ཏྭའི་སི་ཏུ་རིན་པོ་ཆེ། ༧སྐྱབས་རྗེ་འཇམ་མགོན་རིན་པོ་ཆེ། ༧སྐྱབས་རྗེ་དྲུང་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་མཆོག་རྣམས་གཙོས་པའི་བཀའ་བརྒྱུད་པའི་བསྟན་པའི་གསལ་བྱེད་མཆོག་གི་སྤྲུལ་པའི་སྐུ་རྣམས་ལ་དཔེ་ཁྲིད་ཕུལ་ནས་བཞུགས་གནང་།
སྤྱི་ལོ་༢༠༠༠ ལོ་ལ་འཛམ་གླིང་ཞི་བདེའི་དོད་དཔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་གིས་༧རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་ཡོངས་འཛིན་ལ་བསྐོས་བཞག་གནང་ནས་༧རྒྱལ་དབང་བཅུ་བདུན་པ་མཆོག་ལ་ཡང་དཔེ་ཁྲིད་ཕུལ་བའི་བཀུར་སྟི་དང་ཞབས་འདེགས་ལེགས་པར་ཞུས།
༣༽ ཆོས་ཕྱོགས་གཙོས་པའི་མཛད་རྗེས་རགས་བསྡུས་ཙམ།
དམ་པ་ཁོང་གིས་དང་པོ་གཞིས་ཀྱི་ཁྲ་འགུའི་རྟེན་དང་བརྟེན་པ་ཉམས་པ་སླར་གསོ་གནང་ནས་བལ་ཡུལ་གཙོས་པའི་རྒྱ་གར་འབྲུག་སོགས་འཛམ་གླིང་ཡུལ་གྲུ་ཀུན་ལ་དགོན་པ་གསར་བཞེངས་དང་སློབ་གྲྭ་གསར་འཛུགས་གནང་ཏེ་དམ་པའི་ཆོས་ཀྱི་ཕྲིན་ལས་མ་འཇུག་པ་ལ་འཇུག་པ་དང་། འཇུག་པ་རྣམས་སུ་གོང་དུ་འཕེལ་ཞིང་རྒྱས་པའི་ཕྱིར་དུ་ཆོས་ཚོགས་བགྲང་ལས་འདས་པ་བཙུགས་གནང་ཡོད་ལ། ལྷག་པར་དུ་རི་བོ་ཧི་མ་ལ་ཡི་ཉེ་འདེབས་སུ་གནས་པའི་བོད་རིགས་རྣམས་ལ། སོ་སོའི་མེས་པོ་ནས་བརྒྱུད་པའི་ཆོས་དང་རིགས་གཞུང་། སྐད་ཡིག་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་དམིགས་སྟེ་གནའ་དེང་གཉིས་ཀའི་ཤེས་ཡོན་ལྟེ་གནས་སློབ་གྲྭ་སོགས་གསར་དུ་བསྐྲུན་ནས་བོད་རིགས་ཉམས་ཐག་པ་གཙོས་པའི་བལ་པོའི་མི་རིགས་གང་མང་ཞིག་ལ་བསམ་ཡུལ་ལས་འདས་པའི་བཀའ་དྲིན་བསྐྱངས་ཡོད་འདུག་ལ། མདོར་ན་བདག་ཅག་གི་སྟོན་པ་ཆེན་པོ་ཀུན་མཁྱེན་ཤཀྱཱའི་རྒྱལ་པོའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་ཏུ་བཤད་བརྒྱུད་འདེགས་པའི་ཀ་ཆེན་བཅུ། སྒྲུབ་བརྒྱུད་འཛིན་པའི་ཤིང་རྟ་ཆེན་པོ་བརྒྱད། ཁྱད་པར་དུའང་རྡོ་རྗེ་འཆང་ནས་མར་དྭངས་གཙང་ཆུ་བོ་ཆེན་པོའི་རྒྱུན་ལྟར་ཕྱག་ཆེན་བརྒྱུད་པའི་༧དཔལ་མཉམ་མེད་རྒྱལ་བ་བཀའ་བརྒྱུད་པའི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བ། ཡོངས་འདུ་ལྗོན་པའི་དབང་པོ་ལྟ་བུ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེ་འཛིན་ཡོངས་ཀྱི་བསྟན་པའི་མངའ་བདག ༧དཔལ་རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་དང་༧རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་དབང་གི་རྡོ་རྗེ་གཙོས་པའི་རྒྱལ་བའི་ཐུགས་སྲས་རྣམས་ལ་ལྷག་བསམ་རྣམ་དག་གིས་སྲི་ཞུ་བསྟི་སྟང་སྒྲུབ་མཁན་གྱི་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པའི་སྐྱེས་ཆེན་ཞིག་ཡིན་འདུག
༤༽ ཆེས་མཐའ་མའི་མཛད་པ་ནི།
བོད་རྒྱལ་ལོ༢༡༥༠ས་ག་ཟླ་བའི་ཚེས་བཅོ་ལྔའི་སྔ་དྲོ་གནས་མཆོག་སྟག་མོ་ལུས་སྦྱིན་ལ་དགུང་ལོ་དགུ་བཅུ་གོ་གཅིག་ཐོག་ཆོས་ཀྱི་མཛད་འཕྲིན་མཐའ་དག་རྫོགས་པའི་ངང་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཡོད་འདུག།
ཅེས་སྤྱི་ལོ༢༠༢༤/༡/༢༥ ཉིན་ལ་བཀའ་བརྒྱུད་སྨོན་ལམ་གནས་ཚུལ་ཕྱོགས་བསྡུས་པ་ཉི་མ་དོན་འགྲུབ་ནས་ཕུལ།

 

2024.01.25 Guru Yoga for Khenchen Thrangu Rinpoche