ཕྱི་ལོ ༢༠༢༥ ཟླ་བ་ ༢ ཚེས་ ༣ ཉིན། སྔ་དྲོ་ཆུ་ཚོད་བརྒྱད་པའི་ཐོག་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་པ་ཆེན་པོ་མཆོག་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་རྭར་རྒྱུན་ལྡན་བཞིན་སྤོས་སྣ་དང་བཅས་སེར་སྦྲེང་གིས་ལེགས་པར་བསུས་ཏེ་བཞུགས་ཁྲིར་བཞུགས་སུ་གསོལ། དེ་ནས་སྨོན་ལམ་ཆེན་མོའི་དབུ་མཛད་ཀྱིས་ཞལ་འདོན་དབུ་ཚུགས་ཤིང་། ཐོག་མར་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བླ་མ་སྤྱི་ལ་གསོལ་བ་འདེབས་པ་རྡོ་རྗེ་འཆང་ཐུང་དང་། མནྜལ་སོ་བདུན་དང་ཆོས་འཁོར་སྐོར་བར་གསོལ་བ་འདེབས་པའི་ཞལ་འདོན་རྣམས་རིམ་པར་འདོན། མནྜལ་གྱི་སྐབས་སུ་དད་ལྡན་སྦྱིན་བདག་འགའ་ཞིག་གིས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།
དེ་ནས་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་མཆོག་ནས་ཉིན་སྔོན་མའི་གསུང་ཆོས་མཚམས་ནས་མུ་མཐུད་དེ་གསུངས། དེ་ཡང་སྤྱིར་སྙིང་པོའི་དོན་གྱི་ཟབ་ཆོས་སྐུ་གསུམ་ངོ་སྤྲོད་འདི་ལ་རྩ་བའི་སྡོམ་གསུམ་ཡོད་པ་ལས། ཉིན་སྔོན་མར་གདུལ་བྱ་དབང་པོ་མཐའ་མར་སྔོན་འགྲོའི་ཆོས་བཞི་དང་། དབང་པོ་འབྲིང་ལ་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་གཉིས་ཀྱི་བཀའ་ཁྲིད་ལེགས་པར་བསྩལ་བས་ན། ཉིན་འདིར་དབང་པོ་རབ་ལ་སྐུ་གསུམ་ངོ་སྤྲོད་པ་ནས་བཟུང་མཇུག་ཡོངས་སུ་རྫོགས་པའི་བར་སྔ་དྲོའི་ཆོས་ཐུན་གཉིས་ལ་བཀའ་ཁྲིད་ཟབ་རྒྱས་མཛད། དམིགས་བསལ་དུ་རིན་པོ་ཆེ་མཆོག་ནས། སྔ་དྲོའི་ཐུན་གཉིས་པར་ཟབ་མོ་མན་ངག་གི་ཆོས་འདི་བཤད་པའི་ཆོས་མིན་པར་གཙོ་བོ་ཉམས་ལེན་གྱི་ཆོས་ཡིན་ཞེས་གསུངས་ནས། དད་ལྡན་འདུས་པ་ཡོངས་ལ་བཀའ་ཁྲིད་ཟབ་མོ་མཛད་པ་དང་སྦྲག་སྐར་མ་འགའ་ཞིག་སྒོམ་དུ་བཅུག །
ཟབ་མོ་བཀའ་ཁྲིད་ཀྱི་སྙིང་དོན་ནི། གནད་བཞི་ཆོས་ཉིད་ལས་དངོས་གཞི་ཉམས་ལེན་མཛད་པ་ན་བླ་མ་ལ་མོས་པ་བྱ་དགོས་གནད་འགག་ཆེ་ཤོས་དང་། དེའི་སྐབས་སུ་ཀརྨ་པ་མི་བསྐྱོད་རྡོ་རྗེ་མཛད་པའི་ཐུན་བཞི་དང་། རྒྱལ་དབང་ཀརྨ་པ་སྐུ་བཅུ་དྲུག་པའི་གསུངས་པའི་བླ་སྒྲུབ་སྐུ་བཞི་མྱུ་གུ་སྐྱེད་བྱེད་གཉིས་ཀྱི་ཞལ་འདོན་བྱེད་ན་ཤིན་ཏུ་ལེགས་པར་གསུངས། དབང་པོ་འབྲིང་ལ་གནད་བཞི་ཆོས་ཉིད་གསུངས་པ་དེའང་གསུངས་སྟངས་མི་འདྲ་བ་ཙམ་མ་གཏོགས་སྐུ་གསུམ་ངོ་སྤྲོད་ཡིན་ཞིང་། ཅུང་ཙམ་མི་གསལ་བའི་ཚུལ་དུ་བྱས་ནས་བསྟན་པ་དང་། སྲོག་རྩོལ་རླུང་གི་ངོ་བོ། བྱེད་ལས། དེ་བཞིན་ལུས་སྦྱོང་དང་། གཏུམ་མོ་སྐོར་རྣམས་ཟབ་རྒྱས་གསུངས།
དབང་པོ་རབ་ལ་སྐུ་གསུམ་ངོ་སྤྲོད་ཐད་ཀར་དུ་སྟོན་པའི་གདམས་ངག་གི་སྐབས་སུ། སྤྱིར་སྟོན་པ་སངས་རྒྱས་ཀྱིས་ཆོས་ཐམས་ཅད་དེ། ཁམས་གསུམ་དང་། སྐྱེ་ཤི་བར་དོ་གསུམ། གཉིད་སད་རྨི་ལམ་རྣམས་སྐུ་གསུམ་གྱི་རང་བཞིན་ཡིན་སྟངས། སྐུ་གསུམ་གྱི་རང་བཞིན། དབང་པོ་རབ་འབྲིང་མཐའ་མ་རྣམས་ལ་སྟོན་སྟངས། དམིགས་བསལ་གྱིས་སྐབས་འདིར་ཐེག་པ་གཞན་དང་མི་འདྲ་བར་སྐུ་གསུམ་ཅིག་ཅར་དུ་བསྟན་པ་དང་། སྒོམ་ཚུལ་གྱི་སྐོར་དང་། མཐར་ཐུག་ཆོས་སྐུའི་ངོ་སྤྲོད་རྣམས་བཀའ་ཁྲིད་ཞིབ་རྒྱས་གནང་།
མཐའ་མར་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་གང་ཉིད་ཀྱིས་མཐར་ཐུག་སྙིང་པོ་དོན་གྱི་ཟབ་ཆོས་སྐུ་གསུམ་ངོ་སྤྲོད་དེ་ཉིད་༧དཔལ་རྒྱལ་བའི་དབང་པོ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་སྐུ་མདུན་ནས་ཀརྨ་པ་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེའི་སྐབས་སུ་བཞེངས་པའི་འབྲས་ལྗོངས་རུམ་བཏེག་དགོན་རྙིང་དུ་ཞུས་ཤིང་། སྐབས་གཞན་དུའང་ལན་མང་དུ་ཐོབ་པར་གསུངས།
རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༩ པའི་སྔོན་འགྲོའི་གསུང་ཆོས་སྐབས། ༧རྒྱལ་མཆོག་ཡིད་བཞིན་ནོར་བུ་མཆོག་དང་བཀའ་བརྒྱུད་སྨོན་ལམ་ཚོགས་པ་ནས་གསོལ་འདེབས་ཞུས་པ་བཞིན་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་པ་ཆེན་པོ་མཆོག་ནས་ཉིན་གཅིག་ལ་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཡི་དམ་གྱི་གཙོ་བོ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་བཀའ་དབང་དང་། ཉིན་གཉིས་སུ་རང་རེ་ཀཾ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་ཆེན་གྱི་གདམས་པ་སྐུ་གསུམ་ངོ་སྤྲོད་ཀྱི་གསུང་ཆོས་ཀྱི་བཀའ་དྲིན་བསྐྱངས་པར་མཛད། དེ་ནས་༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་དབུས་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་འགན་འཛིན་ཀརྨ་ཆོས་གྲགས་དབུས་པའི་ལས་སྣེ་རྣམས་དང་གནད་ཡོད་མི་སྣ་འགའ་ཞིག་ནས་བཀའ་དྲིན་བཏང་རག་ཏུ་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ལེགས་པར་ཞུས་ཏེ་སྔོན་འགྲོའི་གསུང་ཆོས་ལེགས་པར་གྲུབ་པཔར་མཛད་དོ།
བཀའ་ཆོས་ཉིན་གསུམ་པའི་གནས་ཚུལ་ཉུང་བསྡུས་ཤིག་གུས་གངས་ལ་ཉི་ཤར་ནས།
