ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༥ ཉིན། བསྐལ་བཟང་གིི་སངས་རྒྱས་སྟོང་རྩ་གཉིས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་རྡོ་རྗེ་གདན་དུ་ལོ་ལྟར་བཞིན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༩ པ་དེ་དབུ་ཚུགས་ཡོད། སྤྱིར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ནི་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་དེ་ཉིད་གོ་ལའི་ཁྱོན་ཀུན་ཁྱབ་ཐུབ་པ་དང་། དེའི་མཐུས་འཛམ་གླིང་གོ་ལ་ཟླུམ་བུ་འདིས་མཚོན་པའི་འཇིག་རྟེན་ཁམས་ཀུན་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་པའི་ཆེད་དུ་ཡིན།
སྨོན་ལམ་ཆེན་མོ་འདི་ཉིད་ཕྱི་ལོ་ ༡༩༨༣ ལོར་༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མ་དང་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་སྐུ་གོང་མ་རྣམ་གཉིས་ཀྱིས་དབུ་བཙུགས་ནས་བཟུང་དུས་ད་ལྟའི་བར་མུ་མཐུད་འཚོག་མུས་དང། ད་ལན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པ་འཚོག་བཞིན་ཡོད། ཕྱི་ལོ་ ༢༠༠༤ ནས་བཟུང་༧རྒྱལ་མཆོག་ཡིད་བཞིན་ནོར་བུ་མཆོག་གིས་ཐུགས་རྗེ་གཟིགས་པ་ཆེན་པོས་སྨོན་ལམ་གྱི་ཐུགས་འགན་ཡོངས་སུ་རྫོགས་པ་བཞེས་ཤིང་། དེ་ལ་བརྟེན་ནས་སྨོན་ལམ་ཆེན་མོའི་གོ་སྒྲིག་སོགས་གནས་སྟངས་ཀུུན་ལ་སྔར་དང་མི་འདྲ་བའི་ཡར་རྒྱས་གོང་འཕེལ་དུ་སོང་སྟེ་ཆོས་བརྒྱུད་གཞན་དུ་མས་ཀྱང་མིག་དཔེའི་ལྟ་བའི་གནས་སུ་གྱུར། ༧རྒྱལ་དབང་ཡིད་བཞིན་ནོར་བུ་གང་གིས་བསྟན་འགྲོ་ཉག་ཅིག་གི་དོན་དུ་ཐབས་མཁས་ལ་ཐུགས་རྗེ་ཆེ་པོས་སྨོན་ལམ་ཆེན་མོ་འདི་ཡི་ཕྱི་ནང་གསང་གསུམ་གྱི་གནས་སྟངས་མ་ལུས་པ་ལ་དགོངས་པ་ཟབ་བཞེས་གནང་ནས། སྔར་རྒྱལ་བ་གོང་མ་རྣམས་ཀྱི་རྣམ་ཐར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཟབ་མོ་དང་ལྡན་ལ། དུས་རབས་འདི་ཡི་འགྲོ་བ་མི་ཡི་སེམས་ཁམས་དང་བསྟུན་པའི་གསར་བཏོད་རྣམ་པ་ལེགས་པར་མཛད། སྨོན་ལམ་གྱི་ཞལ་འདོན་གྱི་རིམ་པ། ཞལ་འདོན་གྱི་གདངས་དབྱངས། དམ་ཆོས་འདུལ་བ་གཞིར་བཟུང་གིས་སྤྱོད་ལམ་སོགས་དམ་པའི་ཆོས་ཀྱི་ཁྲིམས་ལུགས་ཟབ་མོར་གྱུར་བར་གནང་ནས། ཆོས་བརྒྱུད་གཞན་གཟུར་གནས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་པོས་ཀྱང་བཀའ་བརྒྱུད་སྨོན་ལམ་ཆེན་མོར་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་མང་དུ་བྱུང་། གཞན་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་རྣམས་ཀྱང་སྨོན་ལམ་གྱི་ཞལ་འདོན་གྱི་གདངས་དབྱངས། དེར་ཕེབས་པའི་དགེ་འདུན་པའི་འདུལ་བ་དང་མཐུན་པའི་སྤྱོད་ལམ་རྣམས་མཇལ་བའི་ཚེ་ཡིད་རབ་ཏུ་འཕྲོག་ནས་དད་པའི་མིག་ཆུ་ཤོར་བའང་ཉུང་ཉུང་མིན། སྨོན་ལམ་གྱི་ཞལ་འདོན་རྣམས་ཀྱང་བོད་སྐད་མ་མཁྱེན་པའི་འཛམ་གླིང་མི་རིགས་གཞན་རྣམས་ཀྱང་ལྷན་དུ་མཉམ་ཞུགས་བྱས་ནས་ཞལ་འདོན་བྱེད་ཐུབ་པའི་ཆ་རྐྱེན་དུ་ཨིན་སྐད་དང་རྒྱ་སྐད་གཙོས་པའི་སྐད་རིགས་མི་འདྲ་བ་ལྔ་བཅུ་ལ་ཉེ་བར་འགྱུར་ཡོད།
མདོར་ན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ཉིད་༧རྒྱལ་མཆོག་ཡིད་བཞིན་ནོར་བུ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ད་ལྟའི་ཆར་དད་ལྡན་དྭངས་བ་འདྲེན་པའི་མིག་རྒྱན། འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས་དམ་པར་དངོས་སུ་འགྱུར་ནས། འཛམ་གླིང་སྐྱེ་འགྲོ་གྲངས་ལས་འདས་པའི་རྒྱུད་ལ་ཐར་པ་མྱ་ངན་ལས་འདས་པའི་ས་བོན་བསྐྲུན་བཞིན་ཡོད།
ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༩ པའི་སྐབས་སུ། སྔོན་འགྲོའི་བཀའ་ཆོས་སུ་དྲུང་གཽ་ཤྲཱི་པ་ཆེན་པོ་སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ནས་ཟབ་མོ་མཐར་ཐུག་གི་གདམས་པ་སྐུ་གསུམ་ངོ་སྤྲོད་ཀྱི་བཀའ་ཆོས་ཉིན་གསུམ་གྱི་རིང་ལ་བསྩལ། དངོས་གཞི་སྨོན་ལམ་ཆེན་མོར་༧རྒྱལ་མཆོག་ཡིད་བཞིན་ནོར་བུ་མཆོག་སྐུ་དངོས་ཕེབས་མ་ཐུབ་པར་བརྟེན་སྨོན་ལམ་གྱི་ཚོགས་པས་གསོལ་བ་བཏབ་པ་བཞིན། སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་པ་མཆོག་བཞུགས་ཤིང་། གཞན་བཀའ་བརྒྱུད་བླ་ཆེན་གྱི་གྲས་སུ་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ། ༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ། ༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ། མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་རྣམས་ཕེབས་ཡོད། གཞན་མཆོག་གི་སྤྲུལ་པའི་སྐུ་དུ་མ་དང་། རྒྱ་བལ་འབྲུག་གསུམ་གྱི་བཀའ་བརྒྱུད་དགོན་སྡེ་ལྔ་བཅུ་ལྷག་ཙམ་གྱི་གྲྭ་བཙུན་སྟོང་ཕྲག་དུ་མ་ཕེབས། ཧི་མ་ལ་ཡི་མི་རིགས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་དུ་མ་ནས་དད་ལྡན་མི་དམངས་དུ་མ་མཉམ་བཞུགས་བྱས་ཡོད། སྔ་དྲོ་ཆུ་ཚོད་ ༦ པའི་ཐོག་སྨོན་ལམ་ཆེན་པོའི་ཆོས་རྭ་ཆེན་མོར་ཚོགས་བཅར་བ་དད་ལྡན་སེར་སྐྱ་མི་དམངས་ཀུན་འདུས་འཛོམས་གྲུབ་རྗེས་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་ནས་ཐེག་པ་ཆེན་པོ་གསོ་སྦྱོང་གི་སྡོམ་པ་བསྩལ། དེ་ནས་སྨོན་ལམ་གྱི་ཞལ་འདོན་དབུ་འཛུགས་གནང་། སྨོན་ལམ་ཆེན་མོའི་གོ་སྒྲིག་གི་འོག་ཆུ་ཚོད་༨ ཐོག་༧སྐྱབས་རྗེ་ཟུར་གར་དབང་རིན་པོ་ཆེ་མཆོག་དང་སྨོན་ལམ་གྱི་ལས་སྣེ་འགའ་ཞིག་བཅས་བྱང་ཆུབ་མཆོད་རྟེན་རིན་པོ་ཆེའི་ནང་ཐུབ་པ་སངས་རྒྱས་ཀྱི་སྐུར་ན་བཟའ་རིན་པོ་ཆེ་དང་ལྷུང་ཟད་འགེང་ཕུལ་གནང་ཡོད། སྨོན་ལམ་ཉིན་ལྔའི་རིང་ལ་སྔ་དྲོའི་ཐུན་གཅིག་༧རྒྱལ་མཆོག་ཡིད་བཞིན་ནོར་བུ་མཆོག་ནས་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཁྲོད་དུ་ཤིན་ཏུ་བཀའ་དྲིན་ཆེ་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་གྱི་བཀའ་ཁྲིད་གནང་བཞིན་ལགས་སོ། །
གནས་ཚུལ་ཉུང་ངུ་ཞིག་གངས་ལ་ཉི་ཤར་ནས་བྲིས།
