KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༩ པའི་བཀའ་ཆོས་དང་གནས་ཚུལ་སྙིང་བསྡུས།

རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༩ པའི་བཀའ་ཆོས་དང་གནས་ཚུལ་སྙིང་བསྡུས།

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ ཀྱི་སྔ་དྲོོ་ཆུ་ཚོད ༦ ཐོོག་སྨོན་ལམ་ཆེན་མོར་མཉམ་ཞུགས་མཛད་པའི་སེར་སྐྱ་མི་དམངས་ཡོངས་སྨོན་ལམ་ཆེན་མོོའི་ཆོས་རྭར་འདུས་ཤིང་། ཚོགས་བཅར་བ་ཡོངས་སོ་སོའི་གྲལ་ལ་འཁོད་རྟིང་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་ནས་ཐེག་པ་ཆེན་པོ་གསོ་སྦྱོང་གི་སྡོམ་པ་བསྩལ། དེ་ནས་དབུ་མཛད་ཆེན་མོ་དབུས་པའི་དགེ་འདུན་འདུས་པ་ཡོངས་ནས་ནམ་རྒྱུན་བཞིན་ལེགས་སྦྱར་གྱི་སྐད་ཐོག་ནས་སྐྱབས་འགྲོ་དང་དཀོན་མཆོག་རྗེས་དྲན་འདོན་པ་རྣམས་གསུང་པའི་སྒོ་ནས་སྨོན་ལམ་གྱི་སྔ་དྲོའི་ཐུན་དང་པོ་དབུ་ཚུགས། ༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཉིན་རེ་མཛད་རིམ་ལྟར། རྡོར་གདན་བྱང་ཆུབ་མཆོད་རྟེན་ཆེན་མོའི་མདུན་དུ་ཕེབས་ནས་ཐུབ་པའི་དབང་པོའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེར་ན་བཟའ་ཕུལ་ཅིང་ལྷུང་བཟེད་བཀང་བར་མཛད།

སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་༧རྒྱལ་དབང་མཆོག་གི་ཐད་གཏོང་དྲ་རྒྱ་བརྒྱུད་ནས་གསུང་ཆོས་ཉིན་མཐའ་མ་དབུ་ཚུགས་ཡོད། ཐོག་མར་བྱང་སྡོམ་བརྒྱུད་འདེབས་དང་མནྜལ་གྱི་ཞལ་འདོན་གསུང་ཅིང་། དད་ལྡན་སྦྱིན་བདག་སེར་སྐྱ་དུ་མ་ཞིག་ནས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།

དེ་ནས་རྒྱལ་དབང་མཆོག་ནས། ཉིན་སྔ་མའི་གསུང་ཆོས་ཀྱི་འཕྲོས་ནས་མར་དབུ་འཛུགས་གནང་། དེ་ཡང་ཉིན་དེའི་བཀའ་ཆོས་ཀྱི་སྙིང་དོན་བསྡུས་པ་འདི་ལྟར་།

ཇོ་བོ་རྗེ་མཐོ་ལྡིང་གི་གཙུག་ལག་ཁང་ལ་ཕེབས་ཤིང་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་སངས་རྒྱས་བསྟན་པ་བཙུགས་ཚུལ། གླང་དར་མས་བསྟན་པ་བསྣུབས་ཚུལ། ལྷ་བླ་མ་ཡེ་ཤེས་འོད་སོགས་མེས་པོ་རྣམས་ཀྱིས་བསྟན་པ་སླར་ཡང་བཙུགས་རྒྱུའི་ཐུགས་འདུན་ཡོད་ནའང་། ལྟ་སྤྱོད་ལོག་པ་དུ་མ་ཡོད་པས་བསྟན་པ་ལེགས་པར་བཙུགས་མི་ཐུབ་པའི་སྐུ་ངལ་རྣམས་ལོ་རྒྱུས་རྒྱས་པར་ཞུས། དོན་གཙོ་བོ་ནི་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་ལ་ཆོས་ཟབ་མོ་ཟབ་མོ་བཤད་པ་ལས་ལས་རྒྱུ་འབྲས་སྐོར་གསུངས་ཞེས་བསྐུལ་བ་བཞིན། ཇོ་བོ་རྗེས་བོད་པ་རྣམས་ལ་ལས་རྒྱུ་འབྲས་ཆོས་གསུངས་པས་མཚན་ལའངརྒྱུ་འབྲས་པ་ཞེས་ཐོགས་པར་གསུངས།

དེའི་སྐབས་ལོ་ཙྭ་བ་རིན་ཆེན་བཟང་པོས་ཀྱང་བོད་པའི་མི་རྣམས་ལ་ཇོ་བོ་རྗེ་བོད་དུ་ཡུན་རིང་དུ་མི་བཞུགས་པས་ཆོས་གང་ཞུ་རྒྱུ་ཡིན་ནའང་ཞུས་ཞེས་བསྐུལ་མ་དྲག་པོ་མཛད་པ་དང་། དེ་བཞིན་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཀྱང་འབུལ་བ་དུ་མ་ཕུལ་ཅིང་། དེ་སྐབས་ཀྱི་བསྟན་པ་ནང་ཕན་ཚུན་མི་མཐུན་པ་མང་དུ་ཡོད་པས་དོགས་པ་དང་ཐེ་ཚོམ་རྣམས་རྗེ་བོ་རྗེ་ལ་འདྲི་བ་ཞུས་པ་དང་། འདྲི་བ་དེ་དག་ནི་ཐེག་པ་ཐུན་མོང་གི་འདྲི་བ་གཉིས། ཕ་རོལ་ཕྱིན་པའི་འདྲི་བ་གཉིས། གསང་སྔགས་ཀྱི་འདྲི་བ་གསུམ་སོགས་འདྲི་བ་མཛད། སངས་རྒྱས་བསྟན་པའི་དོན་ཡོངས་སུ་རྫོགས་པར་སྟོན་པའི་གཞུང་ཚིག་ཉུང་ལ་དོན་བསྡུས་པ། ཇོ་བོ་རྗེ་ཁྱེད་རང་གི་ཐུགས་ཉམས་མྱོང་ལ་ཇི་ལྟར་ཡོད་པ་དང་འབྲེལ་བའི་གཞུང་ཞིག་དང་། རྒྱུད་གསང་བ་སྙིང་པོའི་སྒྲུབ་ཐབས་ཤིག་ཅེས་མཛད་པར་གསོལ་འདེབས་བྱས། དེ་ལ་བརྟེན་ནས་ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་སྒྲོན་མའི་གཞུང་མཛད། གཞུང་དེ་ལ་ཤོ་ལོ་ཀ་ ༦༧ ཡོད། གཞུང་དེ་ལ་བརྟེན་ནས་བོད་ལ་ཡོད་པའི་ཆོས་ལོག་པ་དང་སྔགས་ལོག་པ་རྣམས་སྐུ་དངོས་ཀྱིས་ཚར་གཅོད་མི་དགོས་པར་རང་བཞིན་ཞི་སོང་བ་སོགས་ཤུགས་རྐྱེན་ཆེན་པོ་བྱུང། བྱང་ཆུབ་ལམ་གྱི་སྒྲོན་མ་གཞུང་དེ་ཇོ་བོ་མཛད་པའི་རྗེས་སུ་དགེ་བཤེས་འབྲོམ་སྟོན་པས་ཐུགས་ཉམས་སུ་ལེན། ཐུགས་རྒྱུད་ལ་འཁྲུངས། གཞན་ལ་བཤད་པ་ལ་བརྟེན་ནས་འགྲོ་དོན་རྒྱ་ཆེན་པོ་བྱུང་བ་སྐོར་ཞིབ་རྒྱས་གསུངས།

སྔར་ཇོ་བོ་རྗེ་བོད་ལ་ཕེབས་དུས་ནག་ཚོ་ལོ་ཙ་བས་སྔར་རྒྱ་གར་གྱི་བྰི་ཀྲམ་ཤཱི་ལའི་གནས་བརྟན་ལ་དམ་བཅའ་བྱས་པ་ནང་བཞིན་ལོ་གསུམ་ཚར་བ་དང་རྒྱ་གར་ལ་ཕེབས་རྒྱུའི་ལམ་ཁ་པུ་རང་དུ་ཕེབས། པུ་རང་ལ་སྔར་སྒྲོལ་མའི་ལུང་བསྟན་ལ་སློབ་མ་ཁྱིམ་པ་གཅིག་ལ་ཕན་ཐོགས་པར་གསུངས་པ་བཞིན། པུ་རང་ལ་འབྲོམ་སྟོན་པ་དང་མཇལ་བ་ཡིན། འབྲོམ་སྟོན་པ་ཁམས་ལ་བཞུགས་ཚེ་ཇོ་བོ་རྗེའི་སྙན་པ་གསན་པས་པུ་རང་ཕྱོགས་སུ་ཕེབས་ནས་སྦྱིན་བདག་གཅིག་གི་ཁྱིམ་ཞིག་ཏུ་ཇོ་བོ་རྗེ་མཇལ། མཇལ་བའི་ཚེ་ཇོ་བོ་རྗེའི་ཕྱག་འབྲོམ་སྟོན་པའི་དབུ་ལ་བཞག་ནས་ལེགས་སྦྱར་གྱི་སྐད་ཐོག་ནས་བཀྲ་ཤིས་པའི་ཚིག་དུ་མ་བརྗོད། ཐེངས་དང་པོ་མཇལ་ནས་བཟུང་དཔོན་སློབ་གཉིས་གཟིམ་ཁང་གཅིག་གི་ནང་ལ་བཞུགས། སྤྱིར་ཁྱིམ་པ་དང་རབ་བྱུང་ལྷན་དུ་བཞུགས་མི་ཆོག་པ་གསུང་སྲོལ་ཡོད་ཀྱང་། ཇོ་བོ་རྗེ་ཕལ་ཆེན་སྡེ་པའི་ལུགས་ཡིན་པས་སྡེ་པ་དེའི་ལུགས་ལ་ཁྱིམ་གཅིག་གི་ནང་ལ་རས་ཡོལ་བ་ཞིག་རྒྱབ་ན་ལྷན་དུ་སྡོད་ཆོག་པར་གསུང་སྲོལ་ཡོད་པར་གསུངས།

དེ་ཡི་རྗེས་སུ་ནག་ཚོ་ལོ་ཙ་བས་སྔར་གྱི་དམ་བཅའ་བཞིན་ཇོ་བོ་རྗེ་རྒྱ་གར་ལ་སྐྱེལ་དགོས་པས། འོན་ཀྱང་བལ་ཡུལ་ལ་དམག་འཁྲུག་བྱུང་ཕེབས་མ་ཐུབ་པ་གྱུར། ལོ་ཙ་བ་ཐུགས་ཁྲེལ་བྱུང་བས་ཇོ་བོ་རྗེས་ཐུགས་གསོ་མཛད་ཅིང་རྒྱ་གར་ལ་ལམ་ཁའི་གནས་སྟངས་ཀྱི་འཕྲིན་དང་ཇོ་བོས་མཛད་པའི་བསྟན་བཅོས་ལམ་སྒྲོན་གྱི་ཕྱག་དཔེ་དང་གསེར་ཉུང་ཤས་བཅས་བསྐུར། འབྲོམ་སྟོན་པས་ཐབས་མཁས་པོའི་སྒོ་ནས་དབུས་གཙང་ཕྱོགས་ཀྱི་བསྟན་པའི་གནས་ཚུལ་རྣམས་ཞིབ་པར་ཞུས་ཏེ་ཇོ་བོ་རྗེ་ཕེབས་རྒྱུའི་ཐུགས་འདོད་བྱུང་བ་ན། དབུས་གཙང་ཕྱོགས་ཀྱི་བླ་ཆེན་མི་ཆེན་རྣམས་ལ་འཕྲིན་ཡིག་བཏང་ནས་གདན་འདྲེན་པར་མཛད། སྐབས་དེ་དུས་ཁོང་གི་སློབ་མ་གཙོ་བོ་ཁུ་སྟོན་བརྩོན་འགྲུས་སེངྒེ་ཡིས་མཇལ། ཇོ་བོ་རྗེ་དགུང་ལོ་ ༦༦ སྟེ་སྤྱི་ལོ་ ༡༠༤༧ ལོར་བསམ་ཡས་ལ་ཕེབས་ནས་དེ་ལ་བཞུགས་དུས་བླ་མ་དུ་མ་ཞིག་ཕེབས་ནས་ཆོས་གསན་པ་བྱུང་བ་སོགས་དབུས་གཙང་ལ་ཇོ་བོ་རྗེའི་སློབ་མ་ཁུ་སྟོན་དང་འབྲོམ་སྟོན་པ་གཉིས་ཀྱི་འབྲེལ་ལམ་དང་གནས་སྟངས་སྐོར་ཤིན་ཏུ་ཞིབ་རྒྱས་གསུངས།

སླར་བསམ་ཡས་ཕེབས་པའི་སྐབས་སུ་ལེགས་སྦྱར་གྱི་རྒྱ་དཔེ་དང་ལྷག་པར་དུ་གསང་སྔགས་རྒྱ་དཔེ་དུ་མ་གཟིགས་པ་ན། ཁོང་གི་ཞལ་ནས། སྔོན་མ་ཡིན་ན་ངས་རྒྱུད་སྡེ་ཐམས་ཅད་མཇལ་ཡིན་བསམ་བྱུང་། དེ་འདྲ་མིནཔར་རྒྱུད་སྡེ་ནི་རྒྱ་མཚོ་ལྟ་བུ་ཡིན་འདུག སྔར་རྒྱ་གར་ལ་མེ་སྲེག་ཐེངས་གསུམ་བྱུང་བས་རྒྱ་གར་ལ་མེད་པའི་གསུང་རབ་དུ་མ་མཇལ་རྒྱུ་འདུག་ཅེས་གསུངས་ནས། སློབ་མ་རྣམས་ལ་བཀའ་གནང་སྟེ་རྒྱ་གར་ལ་མེད་པའི་མ་དཔེ་འགའ་དཔེ་བཤུས་བྱས་ཏེ་རྒྱ་གར་ལ་བསྐུར། དེའི་རྗེས་སུ་ལྷ་ས་ལ་ཕེབས་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་མཇལ་བའི་སྐོར་རྣམས་ལེགས་པར་གསུངས།

ཇོ་བོ་རྗེ་ཡིས་དགོངས་གཞི་ལ་ཕལ་ཆེ་པའི་སྡེ་པའི་ནང་ཆང་ཏོག་ཙམ་གུ་ཡང་ཡོད་པས་བོད་ལ་ཕལ་ཆེན་སྡེ་པའི་སྡོམ་རྒྱུན་སྤེལ་བར་དགོངས་ཚེ། འབྲོམ་སྟོན་པས་སྔར་ཆོས་རྒྱལ་རྣམས་ཀྱིས་སྡོམ་རྒྱུན་སྡེ་པ་གཞན་སྤེལ་མི་ཆོག་པ་དང་། རྒྱ་གར་ལ་སྡེ་པ་མང་པོ་བྱུང་ནས་ཕན་ཚུན་མི་མཐུན་པ་མང་དུ་བྱུང་བ་སོགས་ལ་དགོངས་ནས་བཀག་འགོག་བྱས། ཡང་གསང་སྔགས་ཀྱི་ཆོས་གསུང་འགོ་བཙུགས་པ་ན་ཡང་འབྲོམ་སྟོན་པས་བཀག་པས་མཐར་ཇོ་བོ་རྗེ་ཐུགས་ཕམ། སྐུ་ཚེ་སྨད་ལ་ཆོས་དེ་ཙམ་མི་གསུངས་པར་མགུར་འཐེན་ནས་བཞུགས། སྐབས་རེ་བོད་ཀྱི་རི་དང་ཐང་ལ་སོགས་པ་གཟིགས་མོ་མཛད། སྐབས་རེ་དང་རྟ་དང་ར་ལ་སོགས་པ་ལའང་རྟ་ཡི་བུ་ཆུང་སྐུ་ཁམས་བདེ་ལགས་སམ། ཞེས་པ་སོགས་ཐུགས་བརྩེ་ཆེན་པོས་མཚམས་འདྲི་གནང་གི་ཡོད་པ་དང་། དམིགས་བསལ་གྱིས་ཇོ་བོ་རྗེས་བོད་ཀྱི་ཆུ་ཤིན་ཏུ་གཙང་ལ་ཞིམ་པ་སོགས་རྒྱ་གར་དང་མི་འདྲ་བའི་ཁྱད་ཆོས་དུ་མ་གཟིགས་ཏེ་དུས་རྟག་ཏུ་ཆུ་མཆོད་ཕུལ་གྱི་ཡོད། ད་ལྟ་བོད་བརྒྱུད་ནང་བསྟན་ལ་ཡོན་ཆབ་འབུལ་བའི་ལུགས་སྲོལ་དེ་ཡང་གཙོ་བོ་ཇོ་བོ་རྗེའིབཀའ་དྲིན་ལ་བརྟེན་ནས་བྱུང་བའི་སྐོར་སོགས་གསུངས།

སྐུ་ཚེ་མཐའ་མ་མྱ་ངན་ལས་འདས་པའི་ཚེ་སློབ་མ་རྣམས་རེ་རེ་བཞིན་བཀའ་སློབ་ལམ་སྟོན་གནང་ཞིང་། མ་འོངས་པར་ང་མེད་པའི་སྐབས་བླ་མ་འབྲོམ་སྟོན་པ་ལ་བསྟེན་དགོས་པའི་བཀའ་གནང་། དམིགས་བསལ་གྱི་འབྲོམ་སྟོན་པ་ལ་མངོན་ཤེས་མ་སྐྱེས་ཀྱི་བར་འགྲོ་དོན་མ་བྱེད། བསྟན་པ་གཞི་མ་དགེ་འདུན་ཡིན་པས་མ་འོངས་པར་དགེ་འདུན་པ་གང་མང་མང་གསོ་སྐྱོང་བྱེད་དགོས་པའི་བཀའ་གནང་བ་དང་། མྱ་ངན་ལས་འདས་རྗེས་སྐུ་གདུང་ནི་མདོ་མྱང་འདས་ནང་ལ་ཇི་ལྟར་གསུངས་པ་བཞིན་བྱ་དགོས་པ་དང་། ཇོ་བོ་རྗེ་དགུང་གྲངས་ ༧༣ སྤྱི་ལོ་ ༡༠༥༤ ལོར་དགོངས་པ་མྱ་ངན་ལས་འདས། ཁུ་སྟོན་གྱིས་གདུང་ཐལ་དེ་སྤར་བ་ཁང་ཁྱེར་ནས་ཚ་ཚ་མང་དུ་བཟོས་ཏེ་བོད་ཀྱི་ས་ཕྱོགས་གང་སར་བཞག་གནང་། དེ་ཡིས་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་ས་ཆ་གང་ཤར་ཇོ་བོ་རྗེའི་རིང་སྲེལ་གྱིས་ཁྱབ་པ་བྱུང་བ་སོགས་སྐུ་མྱ་ངན་ལས་པའི་སྐོར་རྣམས་གསུངས།

ཇོ་བོ་རྗེའི་ཤུགས་རྐྱེན་ནི།
ཕལ་ཆེན་པའི་སྡོམ་པའི་རྒྱུན་སྤེལ་མ་ཐུབ་ཀྱང་འདུལ་བའི་བསྟན་པ་ལ་རྩལ་འདོན་གནང་ནས་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་རབ་བྱུང་གི་སྡེ་ལ་གཙོ་བོར་འཛིན་པ་བྱུང་བ་ཡིན། དེ་བཞིན་དགེ་ཤེས་སོགས་མི་ཆེན་ཡིན་ཟེར་བ་སྐྱབས་འགྲོའི་གོ་བ་ལེགས་པར་མེད་པར་དགོངས་ནས་སྐྱབས་འགྲོ་རྩལ་འདོན་གནང་། ད་ལྟ་ང་ཚོ་ཆོས་ཚིག་བཞི་མ་གཏོགས་མི་འདོན་ནའང་འགོ་ལ་སྐྱབས་འགྲོ་འདོན་པའི་སྲོལ་བྱུང་། དེ་བཞིན་བོད་ནང་ལ་སེམས་བསྐྱེད། ལས་རྒྱུ་འབྲས། བསྔོ་བ་སྨོན་ལམ་མཛད་རྒྱུ་རྣམས་དང་། སྡོམ་པ་གནང་བའི་སྐབས་སུ་ཟབ་མོ་ལྟ་བརྒྱུད་སྡོམ་རྒྱུན་དང་། ཐལ་འགྱུར་བའི་ལྟ་གྲུབ་དང་། ཤེར་ཕྱིན་གྱི་བཤད་པ་དང་། རྒྱུད་བླ་མ་ཐོག་མར་གསུང་མཁན་དང་། ཆོ་གའི་སྐབས་ལ་མདོ་ཆོག་སྨན་ཆོག་སོགས་དང་། གནས་བརྟན་བཅུ་དྲུག་གི་ཆོ་ག། །རྗེ་བཙུན་སྒྲོལ་མའི་ཆོས་སྐོར་རྒྱ་ཆེར་དར་བ་དང་། དེ་བཞིན་གདན་ས་གསང་ཕུ་དང་། སྣར་ཐང་སོགས་ཀྱི་ཆོས་གྲྭ་རྣམས་ཇོ་བོ་རྗེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བའི་ཚུལ་ཞིབ་པར་གསུངས།

དྭགས་པོ་བཀའ་བརྒྱུད་ལ་ཕྱོགས་ལ་གཞིག་ན། ཕྱོགས་གཅིག་ནས་གཞིག་ན་དྭགས་པོ་བཀའ་བརྒྱུད་པ་ནི་བཀའ་གདམས་པའི་བརྒྱུད་པ་འཛིན་པ་ཡིན་པ་དང་། དེ་ཡང་རྗེ་སྒམ་པོ་པ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱིས་གདམས་པ་དང་མན་ངག་དུ་མ་ཞིག་ཇོ་བོ་རྗེས་ལས་བརྒྱུད་པའི་ཚུལ་དང་། དེ་བཞིན་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མ་ལ་བཀའ་དྲིན་གྱིས་མ་ཁྱབ་པ་མེད་པས། ཁོང་གི་བཀའ་དྲིན་དེ་ང་ཚོས་བསམ་ཤེས་བྱེད་ཐུབ་པ་དགོས་པའི་ཚུལ་སོགས་ཞིབ་ཁྲིད་མཛད།

ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༩ པའི་སྐབསཉིན་གསུམ་གྱི་རིང་ལ། ༧རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ནས་ཐད་གཏོང་དྲ་རྒྱ་བརྒྱུད་དེ་སྨོན་ལམ་ཚོགས་བཅར་བ་སྐྱ་སེར་སྟོང་ཕྲག་དུ་མ་ལ་བོད་ཀྱི་ནང་བསྟན་ལ་ཆེས་ཤིན་ཏུ་བཀའ་དྲིན་ཆེ་བའི་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀའ་ཆོས་ཟབ་རྒྱས་བཀའ་ཁྲིད་བསྩལ་བར་མཛད། མཐར་འདུས་པ་ཡོངས་ནས་ལམ་རིམ་སྨོན་ལམ་གསུང་རྗེས་༧རྒྱལ་དབང་ཡིད་བཞིན་ནོར་བུ་ནས་གསོན་ཤིན་གཉིས་ཀྱི་བསྔོ་སྨོན་གནང་། དེའི་རྗེས་སུ་ཉིན་གུང་དགུང་ཚིགས་ལ་རོལ།

ཉིན་རྒྱབ་ཆུ་ཚོད་དང་པོའི་ཐོག་སླར་ཡང་འདུས་པ་ཡོངས་ནས་སྤྱིར་སྨོན་ལམ་གྱི་མཛད་རིམ་གཞིར་བཟུང་གི་ཞལ་འདོན་གནང་ཞིང་། དམིགས་བསལ་དུ་ཉིན་འདིར་བསྟན་འགྲོ་བདེ་རིམ་ལ་དམིགས་ནས་རྗེ་བཙུན་འཕགས་མ་སྒྲོལ་མར་གསོལ་བ་འདེབས་པ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་བསྟོད་པ་གྲངས་གསོག་དང་། ཞི་བར་གཤེགས་པ་༧སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་གི་ཡང་སྲིད་མྱུར་འབྱོར་གྱི་གསོལ་འདེབས་༧རྒྱལ་དབང་ཀརྨ་པས་ལྗགས་རྩོམ་གནང་བ་དེ་ཉིད་ཚར་གྲངས་འགའ་འདོན་གནང་། དེ་ཡི་རྗེས་སུ་ནམ་རྒྱུན་སྨོན་ལམ་ཞལ་འདོན་ལྟར་གསུང་ནས་བཀའ་བརྒྱུད་སྨོན་ལམ་ཉིན་བཞི་པ་ལེགས་པར་གྲུབ་བོ།

གནས་ཚུལ་རགས་བསྡུས་ཤིག་གུས་གངས་ལ་ཉི་ཤར་ནས་བྲིས།

20250208_Kagyu Monlam_Day4_AM