དེ་ཡང་༧རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་མཆོག་གི་ཐུགས་བསྐྱེད་ཟབ་རྒྱས་ཀྱི་བཀའ་དགོངས་དང་རླབས་ཆེན་གྱིས་དབུ་ཁྲིད་བཞིན་པའི་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་འཚོགས་སྐབས་སུ་སྦྱོར་དངོས་རྗེས་གསུམ་དུ། སྟོན་པ་བཀའ་དྲིན་ཅན་གྱི་ལུང་རྟོགས་གཉིས་ཀྱི་བསྟན་པ་རིན་པོ་ཆེ་ཆེས་ཆེར་རྒྱས་པའི་སླད་དུ་ཐོས་བསམ་སྒོམ་བསམ་དང་། འཆད་རྩོད་རྩོམ་གསུམ། དེ་བཞིན་དུ་ནམ་མཁའ་དང་མཉམ་པའི་མ་གྱུར་སེམས་ཅན་ཐམས་ཅད་ལ། འདི་ཕྱི་གཉིས་ལ་ཕན་པའི་རྣམ་དཀར་གྱི་དགེ་ཚོགས་རྫོགས་པའི་ཆོས་ཀྱི་མཛད་སྒོ་དུ་མ་ཞིག་ཡོད་པ་ལས།
དང་པོ་སྦྱོར་བ་སེམས་བསྐྱེད་དམ་པ་དང་། གཉིས་པ་དངོས་གཞི་དམིགས་མེད་དམ་པ་སྟེ་དམ་པ་གཉིས་ཀྱིས་རྩིས་ཟིན་པའི་སྒོ་ནས་ཉིན་བཅུ་གཅིག་ཧྲིལ་པོ་ལེགས་པར་གྲུབ་པའི་རྣམ་དཀར་གྱི་དགེ་ཚོགས་རླབས་པོ་ཆེ་དེ་ཉིད་དོན་མེད་དུ་མི་འགྲོ་བའི་དོན་དུ་རྗེས་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་དགོས་པ་སྟེ། དེ་ཡང་ཇི་སྐད་དུ། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིག་ལྷུངས། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས་པ་ལྟར་རོ། །དེས་ན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཉིན་མཐའ་མའི་སྐབས་སུ་བསྔོ་བ་དང་འབྲེལ་བའི་དགེ་ཚོགས་མི་ཉུང་བའི་མཛད་རིམ་ཡོད་པ་ལས། ཆེས་མཐའ་མའི་མཛད་རིམ་ནི་མར་མེ་སྨོན་ལམ་ཡིན་པས། དེ་དང་འབྲེལ་བའི་འབེལ་གཏམ་ཉུང་ངུ་ཞིག་གླེང་བ་ལ། དང་པོ་མར་མེའི་མདོ་ཁུངས་དང་། བར་དུ་མར་མེའི་ཕན་ཡོན། མཐའ་མར་སྐབས་འདི་མར་མེ་སྨོན་ལམ་སྐོར་མདོར་ཙམ་ཞིག་ཞུས་ན།
དེ་ཡང་དང་པོ་མར་མེའི་མདོ་ཁུངས་ནི། འཕགས་པ་གྲོང་ཁྱེར་འཚོ་བའི་མདོ་ལས། རྒྱལ་པོ་གསལ་རྒྱལ་གྱིས་དེ་བཞིན་གཤེགས་པ་མཆོད་ཕྱིར་སྟོན་ཐ་ཆུང་ཉ་བའི་ཚེས་བཅོ་ལྔ་ལ། འབྲུ་མར་ཟངས་པོ་ཆེ་སྟོང་བཀང་སྟེ་དངར་ནས་མར་རེ་སྦར་བའི་འོད་ཀྱིས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཞིར་སྣང་བས་ཁྱབ་པར་བྱས་སོ། ། ཞེས་པ་དང་། སྤྱན་རས་གཟིགས་ཀྱི་མདོ་ལས་ཀྱང་། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་བཀང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ནས། །དེ་ཡི་ལུས་ནི་མདོག་ངན་ཡོང་མི་འགྱུར། ། ཞེས་པ་དང་། དཀོན་མཆོག་ཏ་ལ་ལ་ལས། མིག་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །དེ་ཚེ་ལོང་བས་སྣ་ཚོགས་གཟུགས་རྣམས་མཐོང་། །རྒྱལ་བ་དག་དང་རྒྱལ་བའི་མཆོད་རྟེན་ལ། །མར་མེ་ཕུལ་བས་མིག་སྦྱོང་འོད་ཟེར་གྲུབ། ཅེས་ལ་སོགས་པ་ཁུངས་ནི་གྲངས་ཀྱིས་མི་ལོངས་པས་ཚང་མ་འདིར་འགོད་པར་ཡིག་གེ་མང་བར་འཇིགས་པས་རེ་ཞིག་བཏང་སྙོམས་སུ་བཞག །མདོར་ན་མར་མེ་འབུལ་སྲོལ་ནི་ཕྱིས་སུ་ཁུངས་མེད་ལུང་མེད་གང་བྱུང་དུ་བྱུང་བ་མ་ཡིན་པར། རྣམ་འདྲེན་བཞི་པ་མཉམ་མེད་ཤཱཀྱའི་སེང་གེ་རང་ཉིད་ཀྱིས་མཆོད་མེ་ཕུལ་བའི་དགེ་བའི་རྒྱུ་མཚན་འབྲས་བུ་སོགས་དཔེ་དང་དཔེ་མཚོན་སྒོ་ནས་ལེགས་པར་གསུངས་ཡོད་པ་མདོ་རྒྱུད་བསྟན་བཅོས་དུ་མས་ཞལ་གསལ་ར་སྤྲོད་གནང་ཡོད།
གཉིས་པ་མར་མེའི་ཕན་ཡོན་ནི། མར་མེ་ཕུལ་བའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། བསྡུས་ན་ཚེ་འདི་དང་ཚེ་ཕྱི་མའི་ཡིད་དུ་བརྣག་པའི་འདོད་དོན་ཐམས་ཅད་འགྲུབ་པའི་ཕན་ཡོན་གཉིས་སུ་ངེས།
ཚེ་འདིར་འབྱུང་བའི་ཕན་ཡོན་ནི། དེ་ཡང་ཐེག་ཆེན་གྱི་མདོ་ལས། སངས་རྒྱས་མཆོད་རྟེན་ལ་ནི་མི་གང་གིས། །སེམས་ནི་དད་པས་མར་མེའི་ཕྲེང་བ་འབུལ། །མར་མེ་ཕུལ་བས་སེམས་ནི་རྣམ་དག་ཅིང་། །དེ་ནི་འཇིག་རྟེན་རིག་པའི་མཆོག་ཏུ་འགྱུར། །བལྟ་ན་སྡུག་ཅིང་རབ་ཏུ་མཛེས་པར་འགྱུར། །འཇིག་རྟེན་ཀུན་གྱི་དགའ་བ་སྐྱེ་བར་འགྱུར། །ལྟད་མོ་མི་འདོད་བཀྲ་ཤིས་འདོད་མ་ཡིན། །གཡོན་ཕྱོགས་ལམ་ལ་དེ་ནི་བསྟེན་མི་འགྱུར། །དེ་ནི་འཇིག་རྟེན་ལོག་ལྟ་གང་དག་དང་། །ལམ་གོལ་གང་དག་ཡིན་པ་དེར་མི་མོས། །རྒྱལ་ཕྲན་ཙམ་གྱིས་ཆོག་པར་དེ་འཛིན་ཅིང་། །སུ་དང་ཡང་ནི་འཐབ་ཏུ་འགྲོ་མི་བྱེད། །ཚེགས་འབྱུང་མེད་ཅིང་མྱ་ངན་མེད་པར་འགྱུར། ། ཞེས་གསུངས་པ་བཞིན་དུ་སངས་རྒྱས་དང་དེའི་རྟེན་ལ་དད་གུས་ཀྱིས་སྒོ་ནས་མར་མེ་ཕུལ་བས། ཚེ་རབས་ནས་བསགས་པའི་སེམས་རྒྱུད་ཀྱི་ཉོན་མོངས་པའི་དྲི་མ་རྣམས་དག་ཅིང་ལོག་ལྟ་སོགས་ཉེས་དམིགས་འབྱིན་པའི་གཞི་རྣམས་བོར་ཏེ། ཤེས་རབ་ཀྱི་མིག་སྐྱེ་བས་ལོག་པའི་ལམ་དུ་མི་འཇུག་པར་འདོད་པ་ཆུང་ལ་ཆོག་ཤེས་པའི་བདེ་སྐྱིད་ཐོབ་པ་མ་ཟད། མཐོང་ན་མི་མཐུན་པ་མེད་པར་དད་པས་མོས་གུས་སྐྱེ་བའི་གནས་སུ་དམ་པ་ཏོག་དཀར་ལྟར། ཡིད་དུ་འོང་བའི་བལྟ་ན་སྡུག་པའི་མཛེས་ཉམས་ལྡན་པའི་ལང་ཚོའི་མེ་ཏོག་རབ་ཏུ་རྒྱས་ལ། རང་བཞིན་རྩུབ་པའི་ལུས་ངག་ཡིད་གསུམ་གྱི་ལས་རྣམས་སྤངས་ནས་དཀའ་ཚེགས་མེད་པའི་སྒོ་ནས་མྱ་ངན་ལས་འདའ་བའི་རྒྱུ་མང་པོ་ཞིག་འགྲུབ་པའི་ཁྱད་ཆོས་དང་། བགེགས་བར་ཆད་སོགས་མི་མཐུན་པའི་ཕྱོགས་ཞི་ནས་མཐོང་ཆོས་མྱོང་འགྱུར་གྱི་འབྲས་བཟང་དུ་མ་ཞིག་འབྱུང་བ་ཡིན་ལ། །
ཚེ་ཕྱི་མར་འབྱུང་བའི་ཕན་ཡོན་ནི། དེ་ཡང་མདོ་ལས། དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་ཕུལ། །རྣམ་པར་གྲགས་པའི་ལོངས་སྤྱོད་ལྡན་པ་དང་། །ཡོན་ཏན་མཆོག་ལྡན་རབ་མཆོག་ཁྱིམ་དུ་སྐྱེ། །སྐྱེས་ནས་ཚེ་རབས་དྲན་པ་ཉིད་དུ་འགྱུར། །གཡོག་འཁོར་ཕུན་སུམ་ཚོགས་པ་མཆོག་ལྡན་འགྱུར། །སྲོག་ཆགས་རྣམས་ལ་རྟག་ཏུ་སྙིང་བརྩེ་བྱེད། །རྟག་ཏུ་མི་འཚེ་ཤིན་ཏུ་དེས་པར་འགྱུར། །རྣམ་ལྟུང་འགྲོ་བའི་ཁྱིམ་དུ་དེ་མི་སྐྱེས། །ཞེས་གསུངས་པ་ལྟར་ཚེ་ཕྱི་མ་ལ་ཡང་དམ་ཆོས་སྒྲུབ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་རིགས་རུས་དང་། ཡོན་ཏན་སོགས་མཆོག་ཏུ་ལྡན་པའི་ཁྱིམ་དུ་སྐྱེ་ནས་ཐར་ལམ་སྒྲུབ་པའི་མཐུན་རྐྱེན་ལྡན་ཞིང་འགལ་རྐྱེན་བྲལ་ཏེ། སྐྱེ་བ་སྔ་མའི་རྣམ་དཀར་གྱི་བག་ཆགས་བཟང་པོ་རྒྱུད་ལ་ཆུ་བོའི་རྒྱུན་ལྟར་བརྟན་པས། རང་བཞིན་གྱིས་དགེ་བའི་བྱ་བ་ལ་འཇུག་པ་དགའ་ཞིང་། གཞན་ལ་བྱམས་བརྩེ་དང་ལྷག་བསམ་ཆེ་བས། འཚེ་བ་སོགས་མི་དགེའི་ལས་ལ་མི་འདོད་པའི་འབྲས་བུ་བཟང་པོ་འབྱུང་བ་དང་། དེ་བཞིན་དུ་འདི་དང་ཕྱི་མ་གཉིས་ལ་ཕན་པའི་ནོར་གྱི་མཆོག སོ་སོར་ཡང་དག་པ་རིག་པ་བཞི་འཐོབ་སྟེ། མཁའ་ཁྱབ་སེམས་ཅན་ཐམས་ཅད་རིམ་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་འཇུག་པར་ནུས་པའི་ཕན་ཡོན་གཞལ་དུ་མེད་པ་སོགས་གསུངས་ཡོད།
སྐབས་འདིའི་མཚན་མོ་མར་མེ་སྨོན་ལམ་མཛད་རིམ་རྣམས་འབོ་དཀར་དགོན་པའི་དབུ་མཛད་དང་ཁྲ་འགུ་དགོན་པའི་མཁན་པོ་ལོ་ཙཱ་བ་ཀརྨ་ཆོས་འཕེལ་རྣམ་གཉིས་ཀྱིས་གོ་རིམ་བཞིན་དུ་བོད་སྐད་དང་དབྱིན་སྐད་ནས་ཐོག་ནས་འཚམས་འདྲི་དང་འབྲེལ་མཛད་རིམ་རྣམས་སྒྲོག་སྦྱང་གནང་། མཛད་རིམ་དང་པོ། བཀའ་བརྒྱུད་སྨོན་ལམ་ཆེན་མོའི་དབུ་མཛད་རྣམས་ནས་ལེགས་སྦྱར་སྐད་ཐོག་ནས་སྐྱབས་འགྲོ་དང་སྨོན་ལམ་གསུངས་གནང་། མཛད་རིམ་གཉིས་པ་ཁྲ་འགུ་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་དགེ་སློང་རྣམས་དང་འབྲུག་ཀརྨ་སྒྲུབ་སྡེ་དཔལ་མོ་ཆོས་ཀྱི་ལྡིང་ཁང་གི་དགེ་ཚུལ་བཙུན་མ་རྣམས་ཀྱིས། ༧རྒྱལ་དབང་བཅུ་བདུན་པ་ཀརྨ་པ་མཆོག་གིས་བསྒྱུར་མཛད་པའི་དཀོན་མཆོག་གསུམ་གྱི་དབྱངས་སྙན་པའི་དབྱངས་རྟ་ལ་རོལ། མཛད་རིམ་གསུམ་པ་ཡང་བསྐྱར་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་དབུ་མཛད་རྣམས་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མ་སྙན་དུ་འཇེབས་པའི་དབྱངས་སུ་དལ་པོར་གྱེར། མཛད་རིམ་བཞི་པ་སླར་ཡང་ཁྲ་འགུ་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་དགེ་སློང་རྣམས་དང་འབྲུག་ཀརྨ་སྒྲུབ་སྡེ་དཔལ་མོ་ཆོས་ཀྱི་ལྡིང་ཁང་གི་དགེ་ཚུལ་བཙུན་མ་རྣམས་ཀྱིས༧རྒྱལ་དབང་མཆོག་གི་ཡེ་ཤེས་ཀྱིས་གཟིགས་པ་ཆེན་པོའི་དག་སྣང་ལས་བོད་ཁ་བ་གངས་ཅན་གྱི་སྐྱེ་འགྲོ་སྤྱི་ལ་ཕན་པའི་ལྷག་བསམ་དང་གདུང་སེམས་ཀྱིས་རྩེ་གཅིག་ཏུ་སྨོན་པའི་གསང་གསུམ་ཐུགས་རྗེ་མ། ཟླ་མེད་གྲགས་པའི་དབྱངས་སྙན་དཔྱིད་ཀྱི་དཔལ་མོའི་སྙན་པའི་འགྱུར་ཁུག་དང་བཅས་ལྷན་དུ་གྱེར་བས་རྣ་བའི་དཔྱིད་དུ་འགྱུར་བས་སྐལ་ལྡན་སློབ་འབངས་རྣམས་དད་པའི་མེ་ལྕེ་འབར། མོས་གུས་ཀྱི་བ་སྤུ་གཡོ། དང་བའི་མིག་ཆུ་ཤོར་བར་གྱུར། དེའི་རྗེས་སུ་ཟླ་མེད་སྟོན་པ་ཆེན་པོའི་བསྟན་པའི་རྒྱལ་མཚན་རྟག་ཏུ་བསྒྲེངས་པའི་བསྟན་པའི་ཀ་ཆེན། རྒྱ་བོད་གཉིས་ལ་བཀའ་དྲིན་གཞལ་ཟླ་བྲལ་བའི་མཁས་གྲུབ་ཀུན་གྱི་ཅོད་པན་གྱི་རྒྱན་དུ་གྱུར་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པར་གྲགས་པའི་མར་མེ་སྨོན་ལམ་དེ་ཉིད། མར་མེའི་སྣོད་ནི་ནས། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱ་ཧཱུྂ:བར་དུ། ༧རྒྱལ་དབང་བཅུ་བདུན་པ་ཆེན་པོ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་བོད་སྐད་དང་། དབྱིན་སྐད་། རྒྱ་སྐད་ཐོག་ནས་གསུང་བ་དང་རྗེས་ཟློས་གནང་།
དེ་ནས་ངོ་མཚར་རྨད་བྱུང་ནས་བཟུང་།
དཀོན་མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་ཀྱི། །
བདེན་པའི་མཐུ་ཡིས་སྨོན་ལམ་འདི་བཏབ་སྟེ། །
མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །
ཏདྱ་ཐཱ། པཉྩནྡྲི་ཡ་ཨཱ་བ་བོ་དྷཱ་ན་ཡེ་སྭཱ་ཧཱ། བར་དུ་རྒྱལ་དབང་མཆོག་གིས་གསར་དུ་བརྩམས་གནང་བའི་གདངས་དབྱངས་ཚངས་པའི་དབྱངས་སྙན་ལ་༧རྒྱལ་དབང་མཆོག་དང་ལྷན་དུ། བཀའ་བརྒྱུད་སྨོན་ལམ་ཆེན་མོར་ཕེབས་པའི་བླ་སློབ་འཁོར་འབངས་ཡོངས་རྫོགས་ཀྱིས་མགྲིན་གཅིག་དབྱངས་གཅིག་ཏུ་འདོན་ལ། དེ་ཡང་མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཁམས་ཀྱི་ཁོར་ཡུག་དང་མཉམ་པར་གྱུར་ཅིག །སྡོང་བུ་ནི་རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ཅིག །མར་ཁུ་ནི་མཐའི་རྒྱ་མཚོ་ཙམ་དུ་གྱུར་ཅིག །གྲངས་ནི་སངས་རྒྱས་རེ་རེའི་མདུན་དུ་དུང་ཕྱུར་རེ་རེ་འབྱུང་བར་གྱུར་ཅིག །འོད་ཀྱིས་སྲིད་པའི་རྩེ་མོ་མན་ཆད་ནས། །མནར་མེད་པའི་དམྱལ་བ་ཡན་ཆད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞིང་ཁམས་ཐམས་ཅད་མངོན་སུམ་དུ་མཐོང་ཞིང་གསལ་བར་གྱུར་ཅིག །ཅེས་ཇོ་བོ་རྗེས་ཇི་ལྟར་སྨོན་པ་བཞིན་དུ། དམིགས་རིམ་དང་ཐུགས་བསྐྱེད་ཟབ་རྒྱས་ཀྱིས་སྒོ་ནས་སྟོང་གསུམ་གསལ་བའི་མར་མེའི་འོད་ཕུང་གི་མཆོད་སྤྲིན་བླ་མེད་དུ་སྤྲོ་ནས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པ་མཇུག་བསྡུས་པར་དགེའོ། ། སླར་སྨྲས་པར།
མདོ་རྒྱུད་མཁྱེན་པའི་ཡེ་ཤེས་དཔལ་གྱི་གཏེར། །
བསླབ་གསུམ་དྲིལ་བཟང་མེ་ཏོག་གླིང་ཀུན་འཐུལ། །
ཉམས་རྟོགས་ཉི་ཟླའི་འོད་ཀྱིས་འགྲོ་ཀུན་འདྲེན། །
ཀརྨ་པ་ཡི་ཕྲིན་ལས་རྒྱས་པར་ཤོག །
ཅེས་སྤྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༢ ཉིན་ལ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གནས་ཚུལ་ཕྱོགས་བསྡུས་པ་ཕྲན་རྒྱལ་ལོ་བཀྲ་ཤིས་ནས་རགས་བསྡུས་སུ་བྱས་པར་དགེའོ། །
