KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དགུ་པའི་སྔོན་འགྲོའི་གསུང་ཆོས།

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དགུ་པའི་སྔོན་འགྲོའི་གསུང་ཆོས།

ཉིན་དང་པོ། སྤྱི་ལོ་ ༢༠༢༥ཟླ་བ་ ཚེས་ ༢ ཉིན།

དེ་རིང་སྟེ་སྤྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡ གི་ཞོགས་ཐུན་ལ་རྒྱ་བལ་འབྲུག་གསུམ་གཙོར་བྱས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བཀའ་བརྒྱུད་སྨོན་ཆེན་མོ་ལ་ཆེད་དུ་ཕེབས་མཁན་གྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་། དགེ་འདུན་བཙུན་པ་བཙུན་མ། དད་ལྡན་ཆོས་ཞུ་བ་རྣམས་སྨོན་ལམ་ཆེན་མོའི་ཆོས་རྭར་བཞུགས་གྲུབ་རྟིང་སྨོན་ལམ་ཆེན་མོའི་བྱང་འདྲེན་པ་མཆོག་གིས་སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་སྤྱན་རས་གཟིགས་འགྲོ་དོན་མཁའ་ཁྱབ་མའི་སྒོ་ནས་མ་ཎི་དབྱངས་སུ་གྱེར། དྲུང་གོ་ཤྲཱི་པ་༧རྒྱལ་བའི་རྒྱལ་ཚབ་མཆོག་གིས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ཡི་དབང་སྒྲུབ་མཛད། དབང་སྒྲུབ་ལེགས་པར་གྲུབ་ནས་ཆུ་ཚོད་ ༡༠:༠༠ པ་ནས་སྤོས་རྒྱ་བསུ་མ་དང་བཅས་དྲུང་གོ་ཤྲཱི་པ་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་མཆོག་མི་འཇིགས་གདོང་ལྔའི་ཁྲི་ལ་བཞུགས་ཟིན་རྗེས་རྒྱལ་བ་རྒྱལ་མཚོ་ལྷ་ལྔའི་གཏོར་དབང་བསྩལ་རྒྱུའི་དབུ་བཙུགས། དབང་བསྐུར་ཞུ་བའི་དོན་དུ་མཎྜལ་འབུལ་སྐབས་ཨ་འཛིན་སྤྲུལ་སྐུ་དང་། བླ་མ་ཀརྨ་ཆོས་གྲགས་སོགས་སྨོན་ལམ་ཚོགས་པའི་ངོས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།

དབང་བཤད་སྐབས་གསུང་དོན། རྒྱལ་དབང་ཀརྨ་པས་ང་ལ་བཀའ་གནང་ནས། ཀརྨ་པཀྵི་དང་རང་བྱུང་རྡོ་རྗེ་རྣམ་པ་གཉིས་ཀྱིས་རྩལ་འདོན་མཛད་པའི་སྐུ་གསུམ་ངོ་སྤྲོད་ཅིག་བཤད་དགོས་འདུག་གསུང་བྱུང་། དེ་བཤད་པ་ལ་ཐོག་མར་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ཡི་དབང་ཐོབ་དགོས་པར་གསུང་འདུག །དེ་ཡིན་དུས་དེ་རིང་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ཡི་དབང་དེ་བསྐུར་རྒྱུ་ཡིན། རྒྱལ་བ་རྒྱ་མཚོ་ལྷ་ལྔ་དེ་རྗེ་བཙུན་མི་ལའི་སློབ་མ་གཙོ་བོ་རས་ཆུང་རྡོ་རྗེ་གྲགས་པ་རྗེ་བཙུན་མི་ལས་རྒྱ་གར་དུ་ཆོས་ལེན་པར་བཏང་གནང་བའི་སྐབས་སུ་རྒྱ་གར་གྱི་གྲུབ་ཐོབ་མ་མ་གཅིག་གྲུབ་པའི་རྒྱལ་མོའི་སྐུ་མདུན་ནས་གསན་གནང་བ་རེད། དེ་ཡིན་དུས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་མཛོད་ཆེན་རྣམ་པ་ལྔ་དེ་མཛད་པའི་སྐབས་སུ། མ་གཅིག་གྲུབ་པའི་རྒྱལ་མོ་དེ་གཞན་ལོ་ཙཱ་བ་དེ་ཙམ་གྱིས་མཇལ་ཡོད་མ་རེད། རས་ཆུང་རྡོ་རྗེ་གྲགས་པ་ཁོང་གིས་ཐབས་ཤེས་བྱས་པ་བརྟེན་ནས་མཇལ་བ་རེད། དེ་ཡིན་དུས་འདི་དག་སྣང་རེད་འདུག་གསུངས་ནས་རིན་ཆེན་གཏེར་མཛོད་ཀྱི་ཁོངས་སུ་བཞག་པ་རེད།
དེ་ཡང་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ནི། དབུས་ལ་དཀྱིལ་འཁོར་གྱི་གཙོ་བོ་རྒྱལ་བ་རྒྱ་མཚོ་ཁོང་རེད། དེ་ལ་སངས་རྒྱས་སྟོང་རྩ་གཉིས་ལ་སོགས་པ་མང་པོས་བསྐོར་ནས་བཞུགས་པ། དབུས་ཀྱི་དཀྱིལ་འཁོར་དེ་ཡི་གཡས་སུ་ཁྲོ་བོ་རྟ་མགྲིན་ལ་དཔའ་བོ་མང་པོས་བསྐོར་བ། དེ་ལ་དཔའ་བོ་རྒྱ་མཚོའི་དཀྱིལ་འཁོར་ཞུ་བ་རེད། གཡོན་དུ་གསང་བ་ཡེ་ཤེས། ཕག་མོ་ཡིན་པ་ལ་དཔའ་མོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། དཔའ་མོ་རྒྱ་མཚོའི་དཀྱིལ་འཁོར་ཞུ་བ་རེད། རྒྱལ་བ་རྒྱ་མཚོའི་དབུ་ཡི་སྟེང་དུ་སློབ་དཔོན་པདྨ་འབྱུང་གནས་ལ་གྲུབ་ཐོབ་མང་པོས་བསྐོར་ནས་བཞུགས་པ། དེ་ལ་གྲུབ་ཐོབ་རྒྱ་མཚོའི་དཀྱིལ་འཁོར་ཞུ་བ་རེད། རྒྱལ་བ་རྒྱ་མཚོའི་འོག་གི་ཆ་ལ་མཁའ་འགྲོ་སྡེ་བཞི་ལ་སོགས་པ་མཁའ་འགྲོ་མང་པོ་དང་། མགོན་པོ་བེར་ནག་ལ་སོགས་པ་ཆོས་སྐྱོང་སྲུང་མ་མང་པོས་བསྐོར་ནས་བཞུགས་ཡོད་རེད། དེ་ལ་འོག་དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་ཟེར་བ་རེད།

དེ་ནས་རས་ཆུང་རྡོ་རྗེ་གྲགས་པས་སློབ་མ་ཟངས་རི་རས་པ་ལ་གནང་། ཟངས་རི་རས་པས་འགྲོ་མགོན་རས་པ་ལ་གནང་། འགྲོ་མགོན་རས་པས་སྤོམ་བྲག་པ་གནང་། སྤོམ་བྲག་པས་ཀརྨ་པཀྵི་ལ་གནང་སྟེ་དེ་ནས་མར་རིམ་པར་བརྒྱུད་པ་རེད། ཀརྨ་པཀྵི་རྒྱལ་བ་རྒྱ་མཚོའི་ལྷ་ལྔ་འདི་དང་ལྷ་དགུ་ཡི་སྒྲུབ་པ་མཛད་དེ་རྒྱལ་བ་རྒྱ་མཚོ་དང་གཉིས་སུ་མེད་པའི་གྲུབ་པ་ཐོབ་སྟེ་རྒྱ་ནག་དང་སོག་པོའི་ཡུལ་ལ་ཕེབས་ཏེ་སྐུ་ཡི་རྫུ་འཕྲུལ་མང་པོ་བསྟན་ཏེ་མུ་སྟེགས་མང་པོ་ཆོས་ལ་བཀོད་པ་རེད། ཀརྨ་པཀྵི་ཡིས་ཨུ་རྒྱན་པ་དང་། གཉན་རས་དགེ་འདུན་འབུམ་གཉིས་ལ་གནང་སྟེ་རང་བྱུང་རྡོ་རྗེ་ནས་མར་བརྒྱུད་དེ། ཀཾ་ཚང་བཀའ་བརྒྱུད་ཀྱི་ལུགས་ལ་རྒྱལ་བ་རྒྱ་མཚོ་འདི་ཡི་དམ་གྱི་གཙོ་བོ་ལྟ་བུ་གནང་གི་ཡོད་རེད། ཅེས་ཀཾ་ཚང་བཀའ་བརྒྱུད་ཀྱི་ཡི་དམ་གཙོ་བོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ཡི་ངོ་སྤྲོད་དང་། བརྒྱུད་རིམ་གསུང་ཟིན་རྗེས་རིམ་པར་དབང་གི་སྐབས་སུ་འདུན་པ་ཇི་ལྟར་འཆང་དགོས་ཚུལ་དང་། ལྷ་ཚོགས་དེ་དག་བསྐྱེད་སྟིམས་ཇི་ལྟར་བྱེད་དགོས་ཚུལ་སོགས་ངོ་སྤྲོད་གནང་བཞིན་དབང་རིམ་པར་བསྩལ། མཇུག་ཏུ་སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་གྱི་དབུས་མཆོག་གི་སྤྲུལ་སྐུ་རྣམ་པས་དབང་འགྲིམ་གནང་སྟེ། སེར་སྐྱ་མི་མང་ཁྲི་མ་ཟིན་ཙམ་ལ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ཡི་གཏོར་དབང་ལེགས་པར་གྲུབ་མཛད་དེ་ཉིན་གུང་གསོལ་ཚིགས་ལ་གྲོལ། ཕྱི་དྲོ་སླར་ཆུ་ཚོད་ ༢:༠༠ པ་ནས་རབ་བྱུང་ངུར་སྨྲིག་གི་སྡེ་དགེ་འདུན་བཙུན་པ་བཙུན་མ་དང་། གོས་དཀར་ལྕང་ལོ་ཅན་གྱི་སྡེ་རྣམས་སྔར་བཞིན་སྨོན་ལམ་ཆེན་མོའི་ཚོགས་ཁང་དུ་འཚོགས་ཏེ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྲངས་གསོག་མཛད། མཇུག་ཏུ་བྱམས་སྨོན། སྤྱོད་འཇུག་སྨོན་ལམ། རྣམ་དག་བདེ་བ་ཅན་གྱི་སྨོན་ལམ། ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་སོགས་ཀྱིས་མཇུག་བསྐྱངས་ཏེ་ཉིན་གཅིག་གི་མཛད་རིམ་ལེགས་པར་གྲུབ་བོ། །

གནས་ཚུལ་ཉུང་བསྡུས་སུ་ཐུབ་བསྟན་སྦྱིན་པས་སྤྱི་ལོ་ ༢༠༢༥/༢/༡ གི་དགོང་མོར་བྲིས་པའོ། །

20250201_Empowerment of the Five-Diety Jinasagara