དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་གཅིག་ཏུ་བསྡུས་པ། སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་སྲོག་ཤིང་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་རྨད་བྱུང་གི་ཕྲིན་ལས། རླབས་ཆེན་གྱི་བཀའ་དགོངས་དང་། ཞིམ་མེད་ལྷག་བསམ་གངས་རི་དཀར་པོའི་དབུ་ཁྲིད་འོག་ལོ་ལྟར་བཞིན་བསྟན་འགྲོ་སྤྱི་ལ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འཚོགས་བཞིན་ཡོད་པ་ལྟར། སྤྱི་ལོ་༢༠༢༥ཟླ་བ་ ༢ ཚེས་ ༡ ཉིན་ལ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཚོགས་ཐེངས་སོ་དགུ་པའི་སྔོན་འགྲོའི་གསུང་ཆོས་༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་གསང་བདག་རྡོ་རྗེ་འཆང་༧དྲུང་གཽ་ཤྲཱི་ཆེན་པོ་མཆོག་གིས་ཀརྨ་ཀཾ་ཚང་གི་ཡི་དམ་གྱི་གཙོ་བོ་དཔལ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གཏོར་དབང་བསྡུས་པ་གནང་བའི་སྒོ་ནས་དབུ་འཛུགས་གནང། དེའི་དཀྱིལ་འཁོར་གྱི་རྭ་བའི་ཚོམས་ཆེན་གྱི་གཙོ་བོ་ནི། ༧སྐྱབས་རྗེ་འབོ་དཀར་ཡང་སྲིད་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་མཆོག་གཙོས་པའི་རྒྱལ་བལ་འབྲུག་གསུམ་དུ་གཉུག་མར་གནས་པའི་ཀཾ་ཚང་བཀའ་བརྒྱུད་ཀྱི་དགོན་པ་དང་བཙུན་དགོན་ལྔ་བཅུ་ལྷག་གི་མཆོག་གི་སྤྲུལ་པའི་སྐུ་རྣམ་པ། མཁན་པོ་དགེ་བའི་བཤེས་གཉེན། བླ་མ་སློབ་དཔོན་རྣམས་དབུ་བཞུགས་ཐོག་དགེ་འདུན་བཙུན་པ་བཙུན་མ་སྟོང་ཚོ་ལྔ་ལ་ཉེ་བ་དང་། གཞན་ཡང་སྐལ་བ་དང་ལྡན་པའི་འཛམ་གླིང་ཕྱོགས་མཐའ་ཀུན་ལ་གནས་པའི་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་གོང་འོག་གི་ཞལ་སློབ་རྣམས་དབུས་པའི་དད་དམ་འགྱུར་བ་མེད་པ་རྡོ་རྗེ་བཞིན་བརྟན་པའི་དད་ལྡན་ཆོས་ཞུ་བ་སྟོང་ཚོ་གསུམ་ལྷག་གི་འདུས་འཛོམས་ཆེན་པོ་གནང་ཡོད་ལ། དེའི་སྐབས་སུ་ཞལ་ལག་དང་། རྒྱ་སྨན། བོད་སྨན། སྐམ་ཁབ་སྨན་སྦྱིན་གནང་བཞིན་ཡོད་པ་དང། དེ་བཞིན་དུ་སྐལ་ལྡན་ཆོས་ཞུ་བ་རྣམས་ལ་ཧིན་སྐད། རྒྱ་སྐད། དབྱིན་སྐད་སོགས་སྐད་རིགས་བཅུ་གསུམ་ལྷག་གི་གསུང་ཆོས་སྐད་བསྒྱུར་སོགས་མཐུན་རྐྱེན་བསྐྲུན་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་པ་དང་། ༧རྒྱལ་དབང་མཆོག་གི་གཞལ་མེད་ཀྱི་དགོངས་བཞེད་ལྟར་བྱམས་པ་དང་སྙིང་རྗེའི་ས་བོན་འཕེལ་ཏེ་འཛམ་གླིང་ཆེན་མོ་འདིར་ནད་མུག་འཁྲུགས་རྩོད་སོགས། མི་མཐུན་རྒུད་པའི་མིང་ཙམ་ཡང་མི་གྲགས་པར་རང་སར་ཞི་ནས་ཞི་བདེའི་བསིལ་རླུང་དལ་མོའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་དོན་དུ་དམིགས་ཏེ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འཚོགས་བཞིན་པའི་སྣང་བརྙན་ལགས།
སྤྱི་ལོ་༢༠༢༥ ཟླ་བ་༢ ཚེས་༡ ཉིན་བཀའ་བརྒྱུད་སྨོན་ལམ་གནས་ཚུལ་ཕྱོགས་བསྡུས་པ་རྒྱལ་ལོ་བཀྲ་ཤིས་ནས།
