བཀའ་ཆོས་གསུང་པ་པོ། ༧དྲུང་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་མཆོག
གསུང་གནས། རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གསུང་ཆོས་རྭ་བ།
གསུང་དུས། སྤྱི་ལོ་༢༠༢༥ ཟླ་བ་༢ ཚེས་༢ ཉིན། ཉིན་གཉིས་པའི་ཆོས་ཐུན་དང་པོ།
གསུང་ཡུལ། ཀཾ་ཚང་དགོན་པ་དང་བཙུན་དགོན་ཁག་གི་མཆོག་སྤྲུལ་མཁན་སློབ་གྲྭ་བཙུན་དང་འཛམ་གླིང་ཕྱོགས་མཐའ་ཀུན་ནས་ཕེབས་པའི་དད་ལྡན་སེར་སྐྱ་ཁྲི་ལ་ཉེེ་བ་རྣམས།
གསོལ་འདེབས་རྡོ་རྗེ་འཆང་ཐུང་མ་སྙན་པའི་དབྱངས་སྒྲ་འུར་འུར་རུ་གྱེར་ནས། སངས་རྒྱས་ཆོས་ཚོགས་མའི་སྐྱབས་འགྲོ་སེམས་བསྐྱེད་སོགས་གནང་རྗེས། ༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་མཆོག་གིས། དེ་ལ་དེ་རིང་སྐབས་སུ་རྒྱལ་དབང་ཀརྨ་པ་ད་གཟོད་ཉེ་ཆར་ང་དངོས་སུ་མཇལ་སོང་། དེ་ནས་ང་ལ་བཀའ་གནང་ནས་སྐུ་གསུམ་ངོ་སྤྲོད་ཞིག་བཤད་ཤོག་གསུངས་ནས་བཀའ་ཕེབས་སོང་། ད་ངས་སྐུ་གསུམ་ངོ་སྤྲོད་མདོར་བསྡུས་ཤིག་བཤད་པའི་ཁུལ་བྱེད་ཀྱི་ཡོད། དེ་ནས་འདིའི་སྐབས་སུ་དུས་ཚོད་དེ་ཡང་སྔ་དྲོའི་ཆ་ལ་ཡང་བཤད་། དགོང་དག་ཡང་བཤད་ཡ། དེ་འདྲའི་བྱས་ནས་མཛད་རིམ་བསྒྲིགས་པ་རེད། ཡིན་ན་ང་ལོ་གཉིས་གོང་ནས་ང་གཟུགས་པོ་མ་བདེ་བ་ན་ནས་ཕྱི་རྒྱལ་ལ་སྨན་བཅོས་བྱས་ནས་ལོ་གཉིས་བསྡད་དགོས་བྱུང་།
༡ དངོས་སུ་གསུང་ཆོས་དབུ་ཚུགས་པ།
དུས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་དཔལ་རྒྱལ་བ་སངས་རྒྱས་ཀརྨ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབས་པར་མཛད་དུ་གསོལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེ་ཡི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་སྔོན་དུ་མཛད་ནས་གསན་པར་ཞུ།
དེ་ལ་གང་གསན་པར་བྱའི་ཆོས་ནི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་ཡོངས་སུ་གྲགས་པའི་སྐུ་གསུམ་ངོ་སྤྲོད་ཀྱི་ཆོས་ཚུལ་མདོར་བསྡུས་པ་ཙམ་ཞིག་ཞུ་ཡ་ཡིན། དེ་སྐུ་གསུམ་ངོ་སྤྲོད་ཀྱི་དོན་དག་དེ་ཐོག་མ་ཉིད་ནས་ཆོས་སྐུ་རྡོ་རྗེ་འཆང་ནས་བྱས་མར་རྒྱ་གར་གྱི་གྲུབ་ཐོབ་རྣམས་མར་བརྒྱུད་ཡོང་པ་རེད། དེ་ཡང་ཐོག་མ་མེད་པའི་དུས་ཀྱི་སངས་རྒྱས། གདོད་མའི་སངས་རྒྱས། གདོད་མའི་སངས་རྒྱས་ཀྱི་ཐུགས་ཀྱི་ཀློང་ལ་སྐུ་གསུམ་ངོ་སྤྲོད་འདི་ལ་སོགས་པའི་གདམས་ངག་བསམ་གྱིས་མི་ཁྱབ་པར་གྲངས་དང་ཚད་མེད་པ་དཔག་ཏུ་མེད་པ་མང་པོ་ཡོད་རེད། དེ་ལ་སོགས་པ་རང་བཞིན་གྱི་ཡོད་རེད། དེ་ཡང་རང་ཚོས་རྒྱུད་སྡེ་ཆོ་ག་དེ་ཚོ་འདོན་པའི་སྐབས་སུ། སངས་རྒྱས་བསྟན་པའི་སྔར་སངས་རྒྱས། དེ་ལ་ཡེ་གདོད་མ་ནས་སངས་རྒྱས་གཞན་དག་གཅིག་ཀྱང་མ་བྱུང་པའི་གོང་ནས་གདོད་ནས་བཞུགས་པའི་སངས་རྒྱས་བཞུགས་ཡོད་གསུངས་པ་རེད། དེ་ལྟ་བུ་རྫོགས་པའི་སངས་རྒྱས་གདོད་མ་ནས་ཡོད་པ་དང་། གདམས་ངག་ཐམས་ཅད་ཀྱང་གདོད་མའི་སངས་རྒྱས་རྣམས་ཀྱི་ཐུགས་ཀར་ལ་ཡོད་པ་དེ། ད་ང་རང་ཚོ་རྩོད་པའི་དུས་ལ་སྐྱེས་པའི་མི་ཤེས་རབ་དམན་པའམ། བརྩོན་འགྲུས་དམན་པ་རྣམས་ཀྱིས་མངོན་སུམ་གྱིས་དེ་ག་བ་ཤེས་ཐུབ། མངོན་སུམ་གྱིས་ཤེས་ཐུབ་ཀྱི་མ་རེད། མངོན་སུམ་མི་དགོས་རྗེས་དཔག་གིས་ཀྱང་མཇལ་ཐུབ་ཀྱི་མ་རེད་ཤེས་ཐུབ་ཀྱི་མ་རེད། ད་ཡིན་ན་ཡང་ཡིད་ཆེས་པའི་ལུང་ལ་བརྟེན་ནས་ཤེས་ཐུབ་ཡ་ཡོད་རེད། ཡིད་ཆེས་པས་ཤེས་ཡ་ཡོད་རེད། དེ་ཡང་གདོད་མའི་སངས་རྒྱས་ཟེར་བ་དེ་གདོད་ནས་མ་འཁྲུལ་པར་བཞུགས་པ་ཟེར། འཁྲུལ་མ་མྱོང་ནས་བཞུགས་པ། གདོད་མའི་སངས་རྒྱས་བཞུགས་ཡོད་རེད། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན། སངས་རྒྱས་དཔག་ཏུ་མེད་པ་འཇིག་རྟེན་གྱི་ཁམས་སུ་བཞུགས་ཡོད་རེད། དེ་ཐམས་ཅད་ཀྱི་བདག་ཉིད་དམ་རང་བཞིན་གྱི་ཚུལ་དུ་བཞུགས་པ། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་བཞུགས་པ་རེད། དེ་ཡང་རྒྱུད་རྣམས་ལས། དང་པོའི་སངས་རྒྱས། དེ་རྒྱུ་སྔོན་དུ་སོང་བ་མ་ཡིན་པ་ལ་བརྟེན་ནས་སངས་རྒྱས་པ་ཡིན་དུས། དེ་ལ་ཚད་མེད་བཞི་དང་ཕར་ཕྱིན་དྲུག་ལ་སོགས་པའི་རྒྱུ་ཐམས་ཅད་གདོད་མའི་སངས་རྒྱས་ཀྱི་དབྱིངས་དེ་ལ་ཚང་བསྡད་ཡོད་རེད། ཆོས་ཀྱི་སྐུ་ཡི་དབྱིངས་དུ་ཚང་བསྡད་ཡོད་རེད། དེས་ན། ཐེག་པ་ཆེན་པོའི་སངས་རྒྱས་ཐོབ་པའི་ཐབས་ས་བཅུ་ལམ་ལྔ་སྔོན་དུ་འགྲོ་དགོས་ཀྱི་ཡོད་རེད། དེ་ཐམས་ཅད་ཀྱང་སངས་རྒྱས་ཆོས་ཀྱི་སྐུ་ཡི་ཀློང་དུ་རྒྱུ་དང་འབྲས་བུ་གཉིས་སུ་མེད་པའི་ཚུལ་དུ་བཞུགས་ཡོད་རེད། གདོད་ནས་གཉིས་སུ་མེད་པའི་ཚུལ་དུ་ཚང་སོང་བ་རེད། གསར་དུ་བཅོས་དགོས་པ། འཇུག་དགོས་པ་ཡོད་མ་རེད། དེ་ལ་ང་རང་ཚོ་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་གློ་བུར་དྲི་མ་ཉོན་མོངས་ལ་སོགས་པ་ཐམས་ཅད་ཀྱིས་སྒྱུ་མ་དང་རྨི་ལམ་ལྟ་བུ་འཁྲུལ་འགྲོ་ཡི་ཡོད་རེད། འཁྲུལ་པ་ཡིན་དུས། བདེན་པའི་གནས་ལུགས་ཆོས་ཀྱི་དབྱིངས། དོན་དམ་པའི་གནས་ལུགས་ཡོད་ཚད་ལ་འཁྲུལ་པས་ཁྱབ་ཡོད་མ་རེད། བདེན་པའི་གནས་ལུགས་ཡིན་ནས་བཟུང་ཁྱབ་ཐུབ་ཀྱི་ཡོད་མ་རེད། འཁྲུལ་པ་དང་མ་འཁྲུལ་ཤེས་པའི་ཆ་འགལ་དུ་ཡོད་རེད། དེ་ལྟ་བུ་གདོད་མའི་སངས་རྒྱས་དེ་ཡང་སྐུ་ཡི་རྣམ་པ། རྣམ་པར་སྣང་མཛད་གངས་ཅན་མཚོ། རྣམ་པ་སྣང་མཛད་གངས་ཅན་མཚོ་ཞིང་ཁམས་ཐམས་ཅད་ཀྱི་ཁྱབ་ནས་བཞུགས་བསྡད་ཡོད་རེད་བ། རྣམ་སྣང་གངས་ཅན་མཚོའི་རྣམ་པ་ལ་སྣང་ནས་ཡོད་རེད། རྣམ་སྣང་གངས་ཅན་མཚོའི་སྐུ་དེ་ཡང་རིགས་ལྔ་ཡི་སྒོ་ནས་རིགས་ལྔ་ཡི་ཚུལ་དུ་བཞུགས་ཡོད་རེད། རིགས་ལྔ་ལ་ཡང་ནང་གསེས་ཀྱི་རིགས་འདྲ་མི་འདྲ་མང་པོ་རྣམ་སྣང་གངས་ཅན་མཚོའི་སྐུ་ལ་གྲངས་དང་ཚད་བཟུང་ཀྱི་ཡོད་མ་རེད། གདོད་ནས་རིགས་ལྔའི་སངས་རྒྱས་རྣམས་དུས་རྟག་ཏུ་ཆོས་མི་གསུང་པའི་གོ་སྐབས་གཏན་ནས་མེད་པ་རེད། དུས་རྟག་ཏུ་ཆོས་གསུང་བཞིན་དུ་བཞུགས་ཡོད་རེད། ཆོས་གསུང་པའི་སྐབས་སུ་ཡང་ཆོས་དེ་རྫོགས་པའི་སངས་རྒྱས་རང་ཉིད་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུ་དེ་གསུང་ཀྱིན་ཡོད་རེད། ཆོས་དང་སངས་རྒྱས་གཉིས་ཐ་དད་དུ་ཡོད་མ་རེད། རང་གི་རང་བཞིན་གང་ཡིན་པ་དེ་བསྟན་པའི་སྒོ་ནས་གསུང་ཀྱིན་ཡོད་རེད། དོན་དམ་པར་ཆོས་ཐ་དད་མེད་པའི་སྐུ་སྣང་ཡོང་དུས། འཁོར་རྣམས་ཀྱང་རྒྱལ་བ་རང་ཉིད་དང་ཐུགས་རྒྱུད་ཐ་དད་དུ་མེད་པ། མི་རྟག་པའི་སྐབས་ནང་བཞིན་ཆོས་བཤད་མཁན་དེ་ང་བྱེད། ཆོས་བཤད་ས་དེ་ཁོ་རང་ཚོ་ཕར་བྱེད། ང་དང་ཁྱོད་ཀྱི་དབྱེ་བ་ཕྱེ་ནས་སྡོད་ཡོད་རེད་བ། དེ་ལྟ་བུ་མེད་པ། རང་དང་ཐ་མི་དད་པའི་འཁོར་རྣམས་ལ་བསྟན་ནས་སྡོད་ཡོད་རེད། དེ་ཡང་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་དབྱངས། སྤྱན་རས་གཟིགས། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་གྲངས་མེད་པ་བཞུགས་ཡོད་རེད། དེ་ཐམས་ཅད་ཀྱང་དོད་དམ་ལ་སྟོན་པ་དང་འཁོར་ཐ་དད་མི་དད་པའི་ཚུལ་གསུངས་ཡོད་རེད། དེ་ཙམ་མ་ཟད། སྔོན་རྒྱ་གར་འཕགས་པའི་ཡུལ་འདི་ལ། ས་ར་ཧ་དང་ཏེ་ལོ་པ། མགོན་པོ་ཀླུ་སྒྲུབ། མེ་ཏྲི་པ་ལ་སོགས་པ་གྲུབ་ཐོབ་ཆེན་པོ་དཔེ་མང་པོ་ཡོད་རེད། དེ་ཚོ་ཡང་སྟོན་པ་ལས་དགོངས་པ་ཐ་མི་དད་པའི་ཚུལ་དུ་བཞུགས་ཡོད་རེད། དེ་ལྟ་བུ་ཡིན་པ་ཡང་། རྒྱུད་ནས་དངོས་སུ་གསུང་ཡོད་རེད། རྒྱུད་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །འཁོར་གྱི་ཚོགས་ལྡན་ཉན་པོ་ང་། །འཆད་པ་པོ་ཡང་ང་ཡིན་ཆོས་ཀྱང་ང་ཡིན། འཁོར་གྱི་ཚོགས་ཀྱང་ང་ཡིན། འདིར་ང་དེ་གནས་ལུགས་ཆོས་ཀྱི་སྐུ་དེ་ལ། ང་ཞེས་ང་རང་ཚོ་མ་དག་པའི་ངོ་ལ་ཐ་སྙད་བཏགས་བཞག་པ་རེད། དོན་དངོས་སུ་ང་ཡང་ཡོད་མ་རེད། གནས་ལུགས་དེ་ལ་གསུངས་པ་རེད། ཉན་པོ་ང་ཞེས་གསུངས་པ་རེད། དེ་ལྟ་བུ་ཟབ་མོའི་དོན་དེ་མངོན་སུམ་གྱིས་མ་ཡིན་པ། ཡིད་ཆེས་པའི་ལུང་གི་སྒོ་ནས་ཤེས་ཀྱི་རེད། དེ་ཡང་ང་རང་ཚོ་མ་དག་པའི་སྐབས་སུ་ཆོས་ཉིད་དེ་བཞིན་ཉིད་ལ་དབྱེ་བ་ཡོད་མ་རེད། དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མའི་ནང་དུ། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། གསུངས་རེད་བ། རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྒྱུད་དུ་ཡོད་པའི་ཆོས་ཉིད་དེ་བཞིན་ཉིད་དེ་དང་། སེམས་ཅན་མ་དག་པའི་རྒྱུད་ལ་ཡོད་པའི་ཆོས་ཉིད་དེ་བཞིན་ཉིད་དེ་ལ་དབྱེ་བ་ཡོད་མ་རེད། དེ་ལ་བཟང་ངན་གྱི་དབྱེ་བ་ཕྱེ་ཡ་ཡོད་མ་རེད། རྒྱ་ཆེ་ཆུང་གི་དབྱེ་བ་ཕྱེ་ཡ་ཡོད་མ་རེད། གནས་ལུགས་ཀྱི་དོན་ལ་སྒྲིབ་པས་གོས་ནས་སེམས་ཅན་རྒྱུད་ལ་ཡོད་པའི་ཆོས་ཉིད་དེ་བཞིན་ཉིད་དེ་བཙོག་པ་རེད་སོང་བ་དང་སངས་རྒྱས་རྒྱུད་ཀྱི་ཆོས་ཉིད་དེ་བཞིན་དེ་སྒྲིབ་པས་མ་གོས་པར་གཙང་མ་རེད་བསྡད་པ་ཡོད་མ་རེད། སྒྲིབ་པས་གོས་མ་གོས་ཀྱི་དབྱེ་བ་ཡོད་མ་རེད། མ་དག་པའི་གནས་སྐབས་ལ་ཡང་ཆོས་ཉིད་དེ་བཞིན་ཉིད་ལ་དབྱེ་བ་མེད་ན། དེ་དག་ནས་མངོན་དུ་གྱུར་སོང་བ་རེད། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། དེ་ནས་རྒྱ་གར་གྱི་གྲུབ་ཐོབ་ས་ར་ཧ་དང་ཏེ་ལོ་པ་སོགས་པ་རྣམས་ལ་སྒྲིབ་པ་དེ་དག་སོང་བ་རེད། དག་སོང་བ་རྣམས་ལ་དེ་བས་ཀྱང་དབྱེ་བ་ཕྱེ་ཡ་ཡོང་གི་མ་རེད་བ། མངོན་དུ་གྱུར་སོང་བ་རེད། མ་དག་པ་རྣམས་ལ་དབྱེར་མེད་པ་རེད་དེ། མངོན་དུ་མ་གྱུར་པ་རེད། མཐོང་གི་ཡོད་མ་རེད། མ་རིག་པའི་སྒྲིབ་པས་བསྒྲིབས་ནས། དེ་དག་ལ་སྒྲིབ་པ་དག་སོང་པ་ཡིན་དུས། མངོན་དུ་གྱུར་སོང་པ་རེད་བ། ད་སྟོན་པ་དང་སྟོན་པའི་འཁོར་རྣམས་ཀྱིས་ཞུས་ཚུལ་དེ་ལྟ་བུ་ཞིག་བཤད་ཟིན་པ་ཡིན།
༢ བྱེ་བྲག་སྐུ་གསུམ་ངོ་སྤྲོད་བྱུང་བའི་ཚུལ་བཤད་པ།
དེ་འདི་ལ་བྱེ་བྲག་སྐུ་གསུམ་ངོ་སྤྲོད་བྱུང་བའི་ཚུལ་བཤད་ཀྱི་ཡིན། དེ་ལ་དང་པོ་སྟོན་པ་རྡོ་རྗེ་འཆང་གི་དགོངས་པ་དེ། ང་ཚོས་བསམ་པ་དང་འདྲ་གི་ཡོད་མ་རེད། སྟོན་པ་རྡོ་རྗེ་འཆང་གིས་སྐད་ཅིག་གཅིག་གིས་ལྟས་པ་ཙམ་གྱིས་དམ་པའི་ཆོས་རྒྱ་བ་ཆེ་བ་དཔག་ཏུ་མེད་པ་སྟོན་གནང་ཐུབ་ཀྱི་ཡོད་རེད། སྐད་ཅིག་གཅིག་གི་ནང་ལ་གསུང་ཐུབ་ཀྱི་ཡོད་རེད། ང་རང་ཚོས་དབང་བསྐུར་བ་དང་ཆོས་བཤད་པའི་སྐབས་སུ་དོན་རེ་རེ་ལ་ཚིག་མང་པོའི་སྒོ་ནས་ཆོས་དེ་བཤད་ན་མ་གཏོགས་ཆོས་སྟོན་ཐུབ་ཀྱི་མ་རེད། སྟོན་ཤེས་ཀྱི་མ་རེད། དེ་ལྟ་བུའི་རྩོལ་བ་དེ་ཉིད་སྟོན་པ་རྡོ་རྗེ་འཆང་ལ་ཡོད་མ་རེད། སྐད་ཅིག་གཅིག་གིས་ལྟས་པས་ཀྱང་རྩོལ་བ་རྩ་ནས་མེད་པ་ལ་ཆོས་རྩ་ཆེན་པོ་སྟོན་གནང་གི་ཡོད་རེད། རྩོལ་བ་མེད་པ་གནང་གི་ཡོད་རེད། དེ་ལྟ་བུ་བསྟན་མེད་པའི་ཚུལ་དེ་རྒྱུད་ཀྱི་གླེང་གཞི་ནང་ལ་གསུངས་ཡོད་རེད། གླེང་གཞི་རེ་རེ་ནང་ལ་སྐད་ཅིག་རེ་རེ་ལ་ཡང་རྒྱུད་པོ་ཏི་མང་པོ་གསུངས་ཡོད་རེད། དགོངས་པ་གཏད་པ་ཙམ་གྱིས་འཁོར་ཚོགས་ཀྱིས་གོ་ཐུབ་ཀྱི་ཡོད་རེད། ཚིག་མང་པོ་ཡོད་མ་རེད། དོན་རྒྱ་ཆེན་པོ་དེ་འདྲ་གོ་ཐུབ་པ་གསུང་ཡོད་རེད། དེ་ལྟ་བུ་ཡིན་དུས་རྡོ་རྗེ་འཆང་གིས་ཏེ་ལོ་པ་དང་། ཕྱག་ན་རྡོ་རྗེ། ས་ར་ཧ་ལ་སོགས་པ་ལ་དགོངས་པ་སྐད་ཅིག་རེ་རེ་ལ་ཆོས་གསུང་། སྐུ་གསུམ་ངོ་སྤྲོད་འདི་ལ་སོགས་པའི་དོན་རྒྱ་ཆེན་པོ་མང་པོ་བསྟན་ཡོད་རེད། རྡོ་རྗེ་འཆང་གིས་ཏེ་ལོ་པ་ལ་ཆོས་མང་པོ་སྟོན་པའི་ནང་ལ་ཡོད་རེད། ཆོས་ཐམས་ཅད་མི་བརྗེད་པའི་གཟུངས་ཆེན་པོ་ཐུབ་པའི་པན་ཆེན་ན་རོ་པ་ལ་སོགས་པའི་ཐུགས་རྒྱུད་ལ་ཡང་འདི་ལྟ་བུ་དགོངས་པ་ཡོད་རེད། དེ་ནས་པན་ཆེན་ན་རོ་པ་ཆེན་པོ་སྐུ་གསུམ་གྱི་དགོངས་པ་མངོན་དུ་གྱུར་ནས། དུས་རྟག་ཏུ་ཏིང་ངེ་འཛིན་ལ་བཞུགས་བསྡད་ཡོད་རེད་བ། ཏིང་ངེ་འཛིན་ལ་བཞུགས་བསྡད་པའི་དྲུང་དུ་བོད་ནས་མར་པ་ལོ་ཙཱ་ཕེབས་རེད་བ། མར་པ་ལོ་ཙཱ། ན་རོ་པའི་སྐུ་མདུན་དུ་ཆོས་ཞུ་ཀ་ཕེབས་རེད། མར་པ་ལོ་ཙཱ་བ་ན་རོ་པའི་སྐུ་མདུན་དུ་བཞུགས་བསྡད་དུས། ན་རོ་པ་ལ་སྐུ་གསུམ་མངོན་དུ་གྱུར་པ་དེ་མར་པ་ལོ་ཙཱའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་དང་དབྱེ་བ་ཕྱེ་ཡ་ཡོད་མ་རེད། དོན་དམ་པའི་གནས་ལུགས་ལ་དབྱེ་བ་མེད་པ་གཉིས་ལ་མངོན་དུ་གྱུར་ཡོད་རེད། མར་པ་ལོ་ཙཱ་ལ་དེ་ལྟ་བུ་མངོན་དུ་གྱུར་ཡོད་རེད། མངོན་དུ་གྱུར་པ་ལ་བརྟེན་ནས་སྐུ་གསུམ་གྱི་དོན་མར་པ་ལོ་ཙཱས་རྟོགས་པར་མཛད་པ་རེད། དེ་ནས་མར་པ་ལོ་ཙཱའི་དྲུང་དུ་རྗེ་བཙུན་མི་ལ་རས་པ་ཕེབས། རྗེ་བཙུན་མི་རས་པ་ལ། མར་པ་ལོ་ཙཱ་བས་དབང་དང་གདམས་ངག་མང་པོ་གནང་ཡོང་བའི་སྐབས་སུ། མི་ལ་རས་པའི་སྐུ་གསུང་ཐུགས་དེ་རྡོ་རྗེ་བཞི་སྐུ་བཞི། སྐུ་གསུམ་དེ་ཐམས་ཅད་མར་པ་ལོ་ཙཱས་དགོངས་པ་གཏད་པ་ཙམ་གྱིས་མངོན་དུ་གྱུར་ནས་ཐུགས་ཀྱི་དགོངས་པ་དབྱེར་མ་མཆིས་པའི་སྒོ་ནས་མངོན་དུ་གྱུར་པ་རེད། ད་མི་ལ་རས་པས་དྭགས་པོ་ཟླ་འོད་གཞོན་ནུ་ལ་དབང་དང་གདམས་ངག་མང་པོ་གནང་བ་རེད། དེ་གནང་བའི་སྐབས་སུ་ཐུན་མོང་མ་ཡིན་པའི་ཁྱད་པར་སྐུ་བཞི་དང་། སྐུ་གསུམ་གྱི་གདམས་ངག་ཐུགས་དགོངས་པ་གཏད་པ་ཙམ་གྱིས་ཀྱང་ཐུན་མོང་མ་ཡིན་པ་བཞེད་པ་དེ་ཐུགས་རྒྱུད་ལ་སྐྱེ་བ་རེད། དྭགས་པོ་ཟླ་འོད་གཞོན་ནུ་དྲུང་དུ་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པས་ཆོས་ཞུས། དབང་ཞུས། གདམས་ངག་མང་པོ་ཞུས་པའི་སྐབས་སུ། དུས་གསུམ་མཁྱེན་པའི་ཐུགས་ཀྱི་རང་བྱུང་གི་ཡེ་ཤེས་གནས་ལུགས་དེ་ཡར་མངོན་དུ་གྱུར་ཡོང་དུས། དྭགས་པོ་ལྷ་རྗེའི་ཐུགས་རྒྱུད་ལ་ཡོད་པའི་སྐུ་བཞི་དང་། སྐུ་གསུམ་དང་རྡོ་རྗེའི་ཡེ་ཤེས་དེ་ཐམས་ཅད་དུས་གསུམ་མཁྱེན་པའི་ཐུགས་རྒྱུད་ལ་དེ་ལྟར་དུ་འཇལ་ནས་བསྟན་པར་མཛད་པ་རེད། དུས་གསུམ་མཁྱེན་པའི་ཐུགས་རྒྱུད་ཀྱི་རང་བྱུང་ཡེ་ཤེས་མངོན་དུ་གྱུར་པ་དེ། འགྲོ་མགོན་རས་པ་ཆེན་པོ་ལ་སྐུ་བཞི། སྐུ་གསུམ་དང་དབྱེར་མེད་པ། རྡོ་རྗེ་ཡེ་ཤེས་དང་དབྱེར་མེད་པ་ཐུགས་ཀྱི་ཁོངས་སུ་ཡོད་པ་དེ་རྟོགས་པར་བྱས་པ་རེད། འགྲོ་མགོན་རས་པ་ཆེན་པོའི་དྲུང་དུ་རྒྱལ་སྲས་སྤོམ་བྲག་པ་ཆེན་པོ་ལ། འགྲོ་མགོན་རས་པ་ཆེན་པོའི་ཐུགས་རྒྱུད་ཀྱི་སྐུ་གསུམ། སྐུ་བཞི་དབྱེར་མེད་པ་དེ་དང་རྒྱལ་སྲས་སྤོམ་བྲག་པ་ཆེན་པོའི་ཐུགས་རྒྱུད་ཀྱི་རྟོགས་པ་དེ་དབྱེར་ཕྱེ་ཡ་མེད་ཡོང་དུས། ཆུ་ལ་ཆུ་བཞག་པ་བཞིན་འདྲེས་ནས་དགོངས་པ་དབྱེར་མེད་པའི་དོན་མངོན་དུ་མཛད་པ་རེད། སྤོམ་བྲག་པའི་དྲུང་ནས་ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྴི་ཡིས་དམ་པའི་ཆོས་མང་པོ་གསན། གདམས་ངག་མང་པོ་གསན་ནས་བཞུགས་པ་རེད། དེ་ཡང་ཀརྨ་པཀྴི་དེ་བསྐལ་པ་གྲངས་མེད་པའི་གོང་ནས་སངས་རྒྱས་ཀྱི་སྐུ་ལྔ་སྐུ་གསུམ་སྐུ་བཞི་དེ་དག་ཐམས་ཅད་བསྐལ་པ་གྲངས་མེད་མང་པོའི་གོང་ནས་གདོད་མའི་སངས་རྒྱས་དང་དབྱེ་བ་མེད་པ་རེད། དང་པོའི་སངས་རྒྱས་དང་དབྱེ་བ་མེད་པ་རེད། ཡིན་ན་ཡང་ཞིང་འདི་ལ་བྱོན་ནས་སྤོམ་བྲག་པའི་དྲུང་ནས་ཆོས་གསན་ནས་སླར་ཡང་སངས་རྒྱས་གོ་འཕང་བརྙེས་པའི་ཚུལ་གདུལ་བྱའི་ངོ་ལ་བསྟན་པར་མཛད་པ་རེད། བཞེེངས་ནས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་སོགས་མཛད་ནས་གདུལ་བྱའི་ངོ་ལ་སྟོན་པ་རེད། དེ་ཡང་སངས་རྒྱས་ཀྱི་བཀའ་ཡི་ནང་ལ། ཡང་དག་རྫོགས་སངས་སྔར་སངས་རྒྱས། ། སྤྲུལ་པ་པོ་ཞིག་འདིར་སངས་རྒྱས། ། གསུངས་པ། རྫོགས་པའི་སྔར་ནས་སངས་རྒྱས་པ་རེད་ལ། ཡང་འདི་ལ་བསྐྱར་དུ་གདུལ་བྱ་གདུལ་བའི་དོན་དུ་སངས་རྒྱས་གོ་འཕང་སླར་ཡང་གསར་དུ་གོ་འཕང་ཐོབ་པའི་ཚུལ་བསྟན་པར་མཛད་པ་རེད། འདིར་སངས་རྒྱས་གསུངས་པ་དེ་དང་མཐུན་པ་རེད། དེ་ཡང་ཀརྨ་པཀྴི་ཡི་གདོད་མའི་སངས་རྒྱས་དེ་དང་ཕྱག་ན་རྡོ་རྗེ། འཇམ་དཔལ་དབྱངས་ལ་སོགས་པས་དགོངས་པ་མངོན་དུ་གྱུར་པ་དེ་དང་དབྱེར་མེད་པ་རེད། གདོད་ནས་བསྐལ་པ་མང་པོའི་གོང་ནས་སྐུ་གསུམ་ངོ་སྤྲོད་མངོན་དུ་གྱུར་པ་རེད། རེད་ད། ད་ལྟ་འདི་ལ་སྤོམ་བྲག་པའི་ཐུགས་རྒྱུད་ཀྱི་བྱིན་རླབས་ཕོས་ནས་མངོན་དུ་གྱུར་པའི་ཚུལ་སྟོན་པ་རེད། དེ་ལ་སྤྱི་ལ་སྐུ་གསུམ་ངོ་སྤྲོད་པ་དེ་དབང་དང་གདམས་ངག་ཐམས་ཅད་སྐུ་གསུམ་ངོ་སྤྲོད་པ་རེད། དབང་བསྐུར་ཡོང་དུས་ཆོས་སྐུ་ལོངས་སྐུ། ངོ་བོ་ཉིད་སྐུ་དེ་ཚོའི་དོན་རྟོགས་པར་བྱེད་པ་རེད། དཔག་ཏུ་མེད་པོ་མང་པོ་ཡོད་རེད། དེ་ཐམས་ཅད་ནང་ནས་གཞན་དང་མ་འདྲ་བ་སྙིང་པོར་གྱུར་པ་དེ་ཚུར་ཕྱུང་ཡོང་བ་དེ་ཀརྨ་པཀྴི་ཡིས་རྩལ་དུ་བཏོན་ནས་ཕྱུང་ཡོང་བ་རེད། དེ་ལྟ་བུ་ཀརྨ་པཀྴི་ཡིས་ཕྱུང་བར་མཛད་ནས། ད་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་ངག་འདི། དབང་དང་གདམས་ངག་གཞན་ལས་ཀྱང་འབྲས་བུ་མྱུར་དུ་ཐོབ་པར་བྱེད་པ་ལ་གཞན་དང་མི་མཉམ་པ་ཡིན་གསུངས་པ་རེད། སྐུ་གསུམ་ངོ་སྤྲོད་འདི་ཡང་འབྲས་བུ་མངོན་དུ་བྱེད་པ་དང་གདམས་ངག་གཞན་དང་མི་འདྲ་བ་གདམས་ངག་གི་གནད་ཉུང་ཉུང་ཞིག་གི་གདམས་ངག་གི་གནད་ཐམས་ཅད་ཀྱང་ཤུགས་ཀྱིས་ཤེས་འགྲོ་ཡི་རེད། དེ་ནས་གཞན་དང་མི་འདྲ་བ་ཁྱད་པར་ཅན་ཡིན་གསུངས་པ་རེད། དེ་ནས་ཀརྨ་པཀྴི་ཡིས་དེ་ལྟ་བུ་རྩལ་ནས་ཕྱུང་ནས། དེ་ནས་ཁོང་གི་སློབ་མ་ཐུན་མོང་མ་ཡིན་པ་ཨོ་རྒྱན་པ་དང་གཉན་རས་དགེ་འདུན་འབུམ་སོགས་པ་ཁ་ཤས་ཅིག་ལ་སྙན་བརྒྱུད་ཀྱི་ཚུལ་དུ་གསུངས་པར་མཛད་པ་རེད། དེའི་རྗེས་ལ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ཡུམ་གྱི་མངལ་ནས་འཁྲུངས་ཡོང་དུས་ནས་སྔར་ཀརྨ་པཀྴི་ཡི་གསན་པའི་ཆོས་ཐམས་ཅད་མ་བརྗེད་ནས་བཞུགས་བཞིན་དུ་འཁྲུངས་ནས། འཁྲུངས་མ་ཐག་ཏུ་ཆོས་གསུང་ཐུབ་པ་བྱུང་བ་རེད། མངའ་གྱི་དྲི་མས་མ་གོས་པ། དེ་ལྟ་བུ་གསུང་ནས་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ་ཡང་ཡུམ་གྱི་མངལ་དུ་ཡང་མ་བརྗེད་པ་བཞུགས་ཡོད་གསུངས་པ་རེད། དེ་ནས་ཁོང་གི་མཁས་གྲུབ་ཨོ་རྒྱན་པ་ཡི་དྲུང་ནས་ཀྱང་གདམས་ངག་འདི་གསན། གཉན་རས་པའི་དྲུང་ནས་གདམས་ངག་འདི་ལྟ་བུ་གསན་ནས་སྐུ་གསུམ་ངོ་སྤྲོད་མངོན་དུ་གྱུར་ནས། ད་གདམས་ངག་འདིས་འགྲོ་དོན་བྱེད་པའི་དུས་ལ་འབབ་མཁྱེན་ནས། དེ་ནས་ཡིག་གེའི་གཟུགས་སུ་བྲིས་ནས་རྩལ་དུ་བཏོན་ནས་མཛད་པ་རེད།
༣ སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་དངོས་སུ་བཤད་པ།
ད་སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་དངོས་སུ་བཤད་ཡ་ཡིན། དེ་ལ་དང་པོ་གང་ཟག་བློ་དམན་པ་རྣམས་ལ་སྔོན་འགྲོའི་ཆོས་བཞི་བཤད། དུས་རྒྱུན་ང་རང་ཚོའི་སྔོན་འགྲོའི་ཆོས་དེ་དང་ཅུང་ཟད་མི་འདྲ་བ་ཞིག་གསུང་ཡོང་བ་རེད། དེ་ནས་གང་ཟག་དབང་པོ་འབྲིང་དུ་གྱུར་པ་རྣམས་ལ་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ། ཆོས་ཐམས་ཅད་དང་གདམས་ངག་ཐམས་ཅད་གནད་བཞི་ཡི་སྒོ་ནས་གྲོལ་ཐུབ་པ་དང་གནད་བཞིའི་སྒོ་ནས་རྟོགས་ཐུབ་པའི་ཆོས་ཉིད་ཀྱི་འཁོར་ལོ་དེ་གསུངས་པ་རེད། གང་ཟག་དབང་པོ་རྣོ་པོ་རྣམས་ལ་སྐུ་གསུམ་ངོ་སྤྲོད་དངོས་སུ་སྟོན་པའི་གདམས་ངག་ཁ་ཐུག་ལ་གསུངས་པའི་གདམས་ངག་རིམ་པ་བཞིན་དུ་སྟོན་དགོས་རེད་གསུངས་པ་རེད། དེ་ལ་དང་པོ་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་ངག་དེ་ཉམས་སུ་ལེན་པའི་སྐབས་སུ་དང་པོ་ཆོས་ལ་དད་པ་ཡག་པོ་ཡོད་པ། དམ་ཚིག་ཀྱང་ཡག་པོ་བསྲུང་ཐུབ་པ། བརྩོན་འགྲུས་ཡག་པོ་ཡོད་པ། ཚེ་ཕྱི་མའི་དོན་དུ་གཉེར་བ། སྐྱེ་བ་ཕྱི་མ་ཡི་བསམ་བློ་མ་གཏོགས། ཚེ་འདི་ལ་བདེ་པོ་རེད་ཡ། སྐྱིད་པོ་རེད་ཡ་ཡི་བསམ་བློ་མི་གཏོང་བ་རེད་དགོས་གསུངས་པ་རེད། དང་པོ་བླ་མའི་རྣལ་འབྱོར་བརྟེན་ནས་བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པ་བྱེད་དེ་གཙོ་ཆེ་ཤོས་རེད་གསུངས་པ་རེད། དེ་ཡང་མོས་གུས་སྒོམ་གྱི་མགོ་བོ་གསུང་པ་བཞིན་གསུངས་པ་ནང་བཞིན། བླ་མ་ལ་མོས་གུས་ཡག་པོ་བྱེད་པ་དེ་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་གསུངས་པ་རེད། དེ་ཡང་སེམས་ཅན་ལུས་ལ་དཔེ་བཞག་ན་ལུས་ཀྱི་གཙོ་བོ་དེ་མགོ་རེད། མགོ་དེ་མེད་པ་རེད་སོང་ན། རྐང་པ་ལག་པ་ཡང་ལས་ཀ་ཡོད་མ་རེད། སྙིང་དང་གློ་བ་སོགས་པ་ཡིས་ཀྱང་ལས་ཀ་ལས་ཡ་ཡོད་མ་རེད། གང་ཡང་ཡོད་མ་རེད། དེ་ནས་བླ་མ་ལ་མོས་གུས་ཡག་པོ་ཡོད་ན། ཐོག་མར་སེམས་བསྐྱེད་དང་། དངོས་གཞི་ཞི་གནས་དང་ལྷག་མཐོང་། མཐའ་མ་བསྔོ་བ་དང་སྨོན་ལམ་ལ་སོགས་པའི་བྱ་བ་ཐམས་ཅད་ཀྱིས་བྱ་བ་ཡག་པོ་བྱེད་ཀྱི་རེད། དེ་ཡང་སྒོམ་པའི་དུས་སུ་དང་པོ་སྐྱབས་སུ་འགྲོ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཉམས་སུ་ལེན་དགོས་རེད། འོ་ཡ་ད་ལྟ་ཚོགས་ཐེངས་ཤིག་གྲོལ་མཛད་ན་གསུངས་ནས་ཡིག་བརྒྱ་བཟླས་ནས་ཚོགས་ཐེངས་གྲོལ་མཛད། ཅེས་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཚོགས་ཐེངས་སོ་དགུ་པའི་སྔོན་འགྲོ་གསུང་ཆོས་ཉིན་གཉིས་པའི་སྔ་དྲོའི་གསུང་ཆོས་ཐོབ་པའི་སྐལ་བ་དང་ལྡན་པའི་དགའ་རྗེས་དང་སྦྲེལ་བཀའ་ཆོས་འདི་གོ་བདེ་ལ་གནད་ཆེ་བ་མཐོང་བས་ན་བཀའ་བརྒྱུད་སྨོན་ལམ་གནས་ཚུལ་ཕྱོགས་བསྡུས་པ་རྒྱལ་ལོ་བཀྲ་ཤིས་ཀྱིས་སྒྲ་ཕབ་བྱས་ཁུལ་ཡིན་པས་མ་དག་ལྷག་ཆད་སོགས་ཡོད་པར་ངེས་པས་མཁྱེན་པ་མཁའ་ལྟར་ཡངས་པའི་བཟོད་ལྡན་སྐྱེས་ཆེན་རྣམས་ལ་བཟོད་གསོལ་དང་མཐོལ་བཤགས་གྲངས་མེད་ཞུ། དགེའོ། དགེའོ། དགེའོ།
