ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༥ ཉིན་སྔ་དྲོ་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག་སྨོན་ལམ་ཆེན་མོའི་ཆོས་རྭར་རྒྱ་བལ་འབྲུག་གསུམ་གྱི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་དགོན་སྡེ་ཁག་གི་དགེ་འདུན་གྱི་སྡེ་དང་། དད་ལྡན་ཧི་མ་ལ་ཡི་མི་རིགས་དང་འཛམ་གླིང་ཡུལ་གྲུ་དུ་མ་ཕེབས་པའི་ཆོས་ཞུ་བ་སྟོང་ཕྲག་དུ་མར་འདུས་པ་ན། ༧རྒྱལ་མཆོག་བཅུ་བདུན་པ་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དེ་ཉིད་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ། ༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེ། ༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ། འབྲས་ལྗོངས་གཞུང་གི་དགེ་འདུན་སྡེ་ཡི་བློན་པོ་སྐུ་ཞབས་བསོད་ནམས་དང་། བཀའ་བརྒྱུད་སྨོན་ལམ་གྱི་འགན་འཛིན་བླ་མ ཆོས་གྲགས། དེ་བཞིན་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་ཁྲིམས་པ་བཞི་བཅས་ཀྱིས་སྤོས་སྣེ་དང་རྒྱ་གླིང་སོགས་སེར་སྦྲེང་གིས་ལེགས་པར་བསུས་ཏེ་བཞུགས་ཁྲིར་གདན་དྲངས་མཛད། འདུས་པ་ཡོངས་ནས་ཕྱག་ཕུལ་ཅིང་སོ་སོའི་གྲལ་ལ་བཞུགས་པ་དང་དབུ་མཛད་ཆེན་མོས་རྗེ་བདུན་པས་མཛད་པའི་བྱང་སྡོམ་བརྒྱུད་འདེབས་ཀྱི་ཞལ་འདོན་དབུ་ཚུགས། དེའི་སྐབས་༧རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་བཀའ་ཆོས་ཉིན་དང་པོ་ཡིན་པས་བོད་ལུགས་རྟེན་འབྲེལ་གྱི་མཛད་སྒོ་ལྟར་འདུས་པ་ཡོངས་ལ་གསོལ་བྱ་དང་འབྲས་སིལ་དྲངས། དད་ལྡན་སྦྱིན་བདག་འགའ་ཞིག་ནས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།
དེ་ནས་༧རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ནས་བཀའ་བརྒྱུད་སྨོན་ལམ་དུ་ཆིབས་བསྒྱུར་བསྐྱངས་པའི་༧རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་ཆེན་མོ་མཆོག་དང་། ཟུར་མང་གར་དབང་རིན་པོ་ཆེ། མི་འགྱུར་རིན་པོ་ཆེ། འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་དབུས་སྤྲུལ་པའི་སྐུ་རྣམ་པ་དང་། མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་དབུས་པའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པ་དང་། སྐྱབས་གནས་དགེ་འདུན་གྱི་སྡེ་བཙུན་པ་དང་བཙུན་མའི་སྡེ་རྣམ་པ་དང་། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་མི་དམངས་ཡོངས་ལ་སྐུ་ཁམས་བཟང་བའི་འཚམས་འདྲི་དང་འབྲེལ་གསུང་ཆོས་དབུ་འཛུགས་གནང་།
སྤྱིར་བཏང་ད་ལན་གྱི་གསུང་ཆོས་དེ་ཉིད་༧རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་སྐུ་དངོས་སུ་རྒྱ་གར་དུ་ཕེབས་མི་ཐུབ་པར་བརྟེན་དྲ་རྒྱ་བརྒྱུད་དེ་གནང་ཡོད། གསུང་ཆོས་དེ་ནི་བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཁྲོད་དུ་ཤིན་ཏུ་དྲིན་ཆེ་བའི་ཇོ་བོ་རྗེ་ཡི་རྣམ་ཐར་ཡིན།
ད་ལན་གསུང་ཆོས་ཀྱི་སྐབས་རྣམ་ཐར་བཤད་དགོས་པའི་རྒྱུ་མཚན་ནི་༧རྒྱལ་དབང་མཆོག་ནས་རྒྱུ་མཚན་བཞི་གསུངས་ཏེ།
༡༽ རྒྱུ་མཚན་དང་པོ་ནི། ཇོ་བོ་རྗེ་བོད་དུ་མ་ཕེབས་པའི་གོང་ལ་གསང་སྔགས་ལོག་པར་སྤྱོད་པ་མང་དུ་བྱུང་ཞིང་། ཐེག་པ་གསུམ་དང་མདོ་སྔགས་གཉིས་དམ་པའི་ཆོས་ལ་འགལ་མེད་གཅིག་ཏུ་ཉམས་སུ་ལེན་མི་ཤེས་པའི་དཀའ་ངལ་ཕྲད། དེ་ལ་བརྟེན་ནས་བོད་མངའ་རིས་ཆོས་རྒྱལ་གྱིས་གདན་འདྲེན་ཞུས་ནས། སངས་རྒྱས་བསྟན་པ་ལ་དག་ཐེར་གནང་། ཆོས་སྒྲུབ་པའི་གནད་འགའ་གང་ཡིན་པ་དེ་དག་ལེགས་པར་སྤྲོས་ནས་མན་ངག་མར་བསྟན་པས། བོད་ལ་མདོ་སྔགས་ཟུང་འབྲེལ་དང་། སྡོམ་པ་གསུམ་ཉམས་སུ་ལེན་ཤེས་པ་བྱུང་། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ནང་པ་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་བཀའ་དྲིན་ཆེ་བས་ཇོ་བོ་རྣམ་ཐར་བཤད་དགོས་པའི་གནད་འགའ་གཅིག་ཡིན།
༢༽ རྒྱུ་མཚན་གཉིས་པ་ནི། བོད་བརྒྱུད་ནང་པ་སངས་རྒྱས་ཀྱི་ཁྲོད་དུ་སྐྱབས་འགྲོ་དང་། སེམས་བསྐྱེད། བློ་སྦྱོང་། བློ་ལྡོག་རྣམ་བཞི་སོགས་ཐེག་པ་ཐུན་མོང་གི་ལམ་གྱི་རིམ་པའི་ཆོས་ཅི་ཞིག་འཆད་ཀྱང་ཐམས་ཅད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་མ་བརྒྱུད་མེད་པ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ཇོ་བོ་རྗེ་ནི་བཀའ་གདམས་པ་ཙམ་མིན་པར་བོད་ཀྱི་ཆོས་བརྒྱུད་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པ་མེད་པ་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་རྒྱུ་མཚན་གྱིས་ཡིན།
༣༽ རྒྱུ་མཚན་གསུམ་པ་ནི། དེ་ནི་དམིགས་བསལ་ཞིག་ཡིན་ཏེ། རི་བོ་དགེ་ལྡན་པ་དང་། དྭགས་པོ་བཀའ་བརྒྱུད་ཆོས་བརྒྱུད་འདི་ཇོ་བོ་རྗེ་ནས་མར་བརྒྱུད་པའི་བཀའ་གདམས་ཀྱི་མན་ངག་དང་། མར་པ་ལོ་ཙྭ་བ་ནས་མར་བརྒྱུད་པའི་གསང་སྔགས་ཀྱི་ཉམས་ལེན་བྱེད་མཁན་ཞིག་ཡིན། ལྷག་པར་དུ་ད་ལྟ་ཡོངས་གྲགས་པའི་དྭགས་པོ་བཀའ་བརྒྱུད་པའི་ཁྱད་ཆོས་དུ་མ་ཞིག་ཇོ་བོ་རྗེ་ནས་མར་བརྒྱུད་པ་ཞིག་ཆགས། དཔེར་ན། སྔོན་འགྲོ་ཆོས་སྐོར་ཞེན་ལོག་ངེས་བྱུང་བྱང་ཆུབ་སེམས་སོགས་གདམས་པ་མང་པོ་ཞིག་ཇོ་བོ་རྗེ་ནས་མར་བརྒྱུད་པ་དང་། དངོས་གཞི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་དེ་ཡང་ཇོ་བོ་རྗེ་ནས་མར་བརྒྱུད་པ་ཡིན། དེ་བཞིན་ས་ལམ་གྱི་རིམ་པ་ལ་རྣལ་འབྱོར་བཞི་རིམ་ཡང་ཇོ་བོ་རྗེ་ནས་མར་བརྒྱུད་པ་ཡིན་པས། དྭགས་པོ་བཀའ་བརྒྱུད་པའི་གདམས་པ་དུ་མ་ཞིག་ཇོ་བོ་རྗེ་ན་མར་བརྒྱུད་པ་ཡིན་པས་རྒྱུ་མཚན་གྱིས་གསུངས།
༤༽ རྒྱུ་མཚན་བཞི་པ་ནི། རྗེ་སྒམ་པོ་པའི་བཀའ་འབུམ་ནང་དུ་། ཇོ་བོ་ན་རོ་པའི་མན་ངག་རྣམས་ཤིན་ཏུ་ཟབ་མོ་ཡོད། ཡིན་ནའང་བཀའ་གདམས་པའི་ལམ་རིམ་དང་སྦྱར་མ་ཐུབ་ན་མི་གཞན་དག་ལ་དེ་ཙམ་ཕན་ཐོག་མི་ནུས་ཞེས་གསུངས་ཡོད། དྭགས་པོ་ལྷ་རྗེའི་རྗེས་འཇུག་པ་དྭགས་པོ་བཀའ་བརྒྱུད་པ་རྣམས་ལ་གོ་དེ་ལྟ་བུའི་གོ་རྟོགས་ཤིག་ཡོང་དགོས་པའི་རྒྱུ་མཚན་གྱིས་ཡིན། ཇོ་བོ་རྗེ་ནས་མར་བརྒྱུད་པའི་མན་ངག་ཆོས་རྣམས་ལ་བར་སྐབས་ཤིག་ལ་རྩལ་འདོན་ཐུབ་པ་མ་བྱུང་། དེ་ལ་བརྟེན་ནས་ཆོས་ཀྱི་རྨང་གཞི་ཡག་པོ་ཞིག་བྱུང་ཐུབ་ཀྱི་མེད་ཅེས་གསུངས།
དེ་ཡི་རྗེས་སུ་ཇོ་བོ་རྗེ་སྐུ་འཁྲུངས་པའི་ལོ་ཚིགས། སྐུ་འཁྲུངས་ཡུལ་གནའ་སྔ་མོ་དང་དེང་དུ་ས་གནས་གང་དུ་ཡིན་པ། ཡབ་ཡུམ་གྱི་མཚན། རིགས་རྒྱུད། ཆུང་དུས་ཀྱི་མཚན། ཡི་དམ་རྗེ་བཙུན་སྒྲོལ་མ་དང་དམིགས་བསལ་གྱི་འབྲེལ་བ། ཕྱི་ནང་རིག་པའི་གནས་ལ་སློབ་གཉེར་བྱ་བའི་ཚུལ། རིག་པའི་གནས་དེ་དག་ལ་མཁས་པའི་ཚུལ། ལྷག་པར་དུ་གསང་སྔགས་ལ་བསླབ་པའི་ཚུལ། གསང་སྔགས་ཞུ་བའི་གནད་ཆེན་གྱི་བླ་མ་སུ་ཡིན་པའི་སྐོར་ལ། སྔོན་གྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཁུངས་ལྡན་ལ་དེང་དུས་གྱི་མཁས་པའི་བཤད་ཚུལ་ཟུར་བརྒྱན་ནས་ཇོ་བོ་རྗེའི་རྣམ་ཐར་བཀའ་ཁྲིད་ཟབ་རྒྱས་གནང་ངོ། །
གནས་ཚུལ་སྙིང་བསྡུས་ཞིག་གུས་གངས་ལ་ཉི་ཤར་ནས་བྲིས།
