སྤྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༣ གྱི་ཕྱི་དྲོའི་གསུང་ཆོས།
༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་དམིགས་མེད་ཆོས་དབྱིངས་ཆེན་པོའི་ཡེ་ཤེས་དབྱིངས་དཔྱད་ཀྱིས་བཀའ་བརྒྱུད་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་འབོ་དཀར་རྡོ་རྗེ་འཆང་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་མཆོག་གི་སྐུ་ཡི་གསེར་ཕྲེང་འཛིན་པ་ཆེན་པོ་སྐུ་ཐོག་གསུམ་པའི་འཁྲུལ་བྲལ་གྱི་ཡང་སྲིད་དུ་ངོས་འཛིན་གནང་།དེ་ཡང་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་ནི། ༧སྐྱབས་རྗེ་ཀ་ལུ་རིན་པོ་སྐུ་གོང་མ་མཆོག་གིས་ཐོག་མར་དབུ་ཚུགས་གནང་པའི་སྨོན་ལམ་ཆེན་མོ་རྒྱུན་སྐྱོངས་ལེགས་པར་གནང་ཞིང་། ཕྱིས་སུ་སྨོན་ལམ་དེ་ཉིིད་ཀྱི་མཚན་དུ་ཀཾ་ཚང་སངྒ་སྨོན་ལམ་ཞེས་གསོལ་མཛད། དེ་བཞིན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ལ་ཡང་ཐུན་མོང་མ་ཡིན་པའི་འབྲེལ་བ་དང་སྲི་ཞུ་བསྟི་སྟང་ཞུ་མཁན་ཞིག་ཀྱང་ཆགས་ཡོད་ཕྱིར། ང་རང་ཚོ་ཀཾ་ཚང་དགོན་སྡེ་ཚང་མས་ཡི་རངས་བསྔགས་བརྗོད་ཀྱི་མཆོད་པའི་མེ་ཏོག་ཕུལ་འོས་པ་ཞིག་ཆགས་ཡོད། སྤྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢༢ ཉིན་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དུ་གྲུབ་མཐའ་རིས་མེད་ཀྱི་དབུ་ཆོས་མཆོག་སྤྲུལ་མཁན་སློབ་རྣམས་དང་། གནད་ཡོད་མི་སྣ་ཁག །འཛམ་གླིང་ཕྱོགས་མཐའ་ཀུན་ལ་གནས་པའི་༧སྐྱབས་རྗེ་འབོ་དཀར་སྐུ་གོང་འོག་གི་ཞལ་སློབ་རྣམས་གཙོས་པའི་དད་ལྡན་སྐྱ་སེར་ཁྲི་ཚོ་ལ་ཉེ་བ་ལྷན་འཛོམས་ཐོག་མཛད་སྒོ་ཟབ་རྒྱས་ཀྱི་ངང་ནས་༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་མངའ་གསོལ་མཛད། ༧རྒྱལ་དབང་མཆོག་གིས་མཚན་ལ་ཀརྨ་དཔལ་ལྡན་བློ་གྲོས་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ་གནང་བ་དང་སྦྲེལ། དེ་ལྟ་བུ་བཀྲ་ཤིས་པའི་སྐལ་བཟང་ལ་འཚམས་འདྲི་དང་སྐུ་གོང་མའི་གསང་གསུམ་གྱི་ཕྲིན་ལས་རྣམས་བདག་གིར་ལེགས་པར་བཞེས་ཤིང་གསན་བསམ་གྱི་ཕ་མཐར་ཕྱིན་ཏེ། བསྟན་འགྲོའི་དོན་དུ་བླ་ན་མེད་པའི་མཛད་ཕྲིན་རྒྱས་པའི་རྟེན་འབྲེལ་མཚོན་བྱེད་དུ། ད་ལན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཚོགས་ཐེངས་སོ་དགུ་པ་ལ་༧རྒྱལ་དབང་མཆོག་གི་བཀའ་དགོངས་བཞིན་དུ་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་ཀརྨ་དཔལ་ལྡན་བློ་གྲོས་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཛད་པའི་འགྲོ་དོན་མཁའ་ཁྱབ་མ་དང་། ཀརྨ་པ་མཁའ་ཁྱབ་རྡོ་རྗེས་མཛད་པའི་འགྲོ་དོན་མཁའ་ཁྱབ་མའི་བསྒོམ་བཟླས་དེ་ཉིད། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད། དངོས་གཞི་ལྷ་བསྒོམ་པ། སྔགས་བཟླ་བ། རྗེས་སུ་ལམ་དུ་ཁྱེར་བ། དགེ་རྩ་བསྔོ་བ་དང་། ཕན་ཡོན་བསྟན་པ་བཅས་དོན་དྲུག་གི་སྒོ་ནས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་དུ་མ་ལ་ཐོག་མར་ཆོས་འབྲེལ་མཛད་པ་ཡིན།
དེ་ཡང་རྒྱལ་དབང་ཀརྨ་པ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེའི་སྐབས་སུ། སྨན་སྡོང་དང་འབོ་དཀར་དགོན་པའི་ཕྱོགས་སུ་མི་མང་པོས་སྤྱན་རས་གཟིགས་ཉམས་ལེན་གནང་གིན་ཡོད་པ་དང་། ལྷག་པར་དུ་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་སྐུ་ཕྲེང་དང་པོ་ནས་འཕགས་པ་སྤྱན་རས་གཟིགས་བསྒོམ་བཟླས་ཉམས་ལེན་གནང་གིན་ཡོད་པས། མདོར་ན་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་སྐུ་ཕྲེང་གོང་འོག་ཚང་མ་ལ་འཕགས་པ་སྤྱན་རས་གཟིགས་དང་ཐུན་མོང་མིན་པའི་ཆོས་འབྲེལ་དམ་ཟབ་ཡོད་པས། ད་ལན་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐེངས་ ༣༩ པའི་སྔོན་འགྲོའི་གསུང་ཆོས་ལ་ཡང་འཕགས་པ་སྤྱན་རས་བསྒོམ་བཟླས་བཀའ་ཁྲིད་གནང་བའི་བསྐལ་བཟང་གི་ཉི་མ་འཆར་ཏེ་ཉིན་གསུམ་གྱི་སྔོན་འགྲོའི་གསུང་ཆོས་མཇུག་བསྡུས་ཤིང་།
ཇི་སྐད་དུ། འཕགས་པའི་ཐུགས་རྗེའི་དཔྱངས་ཐག་གིས། །
འགྲོ་བ་སྲིད་མཚོ་ལས་དྲངས་ཏེ། །
རྣམ་གྲོལ་བདེ་ཆེན་ཐར་པའི་གླིང་། །
རི་བོ་ཏ་ལར་དབུག་དབྱུང་གསོལ། །
ཞེས་གསུངས་པ་ལྟར་གསོལ་འདེབས་སྨོན་ལམ་བཅས་པས་དགེའོ། །
སྤྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༣ ཉིན་ལ་བཀའ་བརྒྱུད་སྨོན་ལམ་གནས་ཚུལ་ཕྱོགས་བསྡུས་པ་རྒྱལ་ལོ་བཀྲ་ཤིས་ནས།