དེ་ཡང་སྔ་དྲོ་ཆུ་ཚོད་ 6:00-8:30 པའི་ཐོག་སྨོན་ལམ་ཆེན་མོའི་ཆོས་རྭ་ཆེན་མོར་ཚོགས་བཅར་བ་དད་ལྡན་སེར་སྐྱ་མི་དམངས་ཀུན་དད་གུས་ཆེན་པོས་འདུ་འཛོམས་གྲུབ་རྗེས་ཟུར་མང་སྙན་བརྒྱུད་ཀྱི་བསྟན་པའི་མངའ་བདག་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་ནས་ཐེག་པ་ཆེན་པོ་གསོ་སྦྱོང་གི་སྡོམ་པ་སྩལ། དེ་ནས་དགེ་སློང་དང་བསླབ་པ་རྒན་གཞོན་རིམ་པ་བཞིན་ཚོགས་གྲལ་དུ་སྐུ་ལ་ཟླ་གམ་གསོལ་ཞིང་། གྲལ་ལ་ཞི་དུལ་བག་ཡོད་ཀྱི་ཉམས་དང་ལྡན་པ། མཇལ་བ་ཙམ་གྱིས་ཡིད་དབང་འཕྲོག་ནུས་པ་བཞུགས་ནས། སྨོན་ལམ་གྱི་ཞལ་འདོན་དབུ་འཛུགས་གནང་། ཞལ་འདོན་ཡང་དབྱངས་རྟའི་འགྱུར་ཁུག་སྙན་པོས་འདུས་པ་མཐའ་དག་གི་སྙན་གྱི་དབང་པོར་ངལ་གསོ་སྟེར་ཞིང་། གཟི་བྱིན་དང་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་ཆེ་བའི་དད་ཚོར་སྟེར་བས། སྤྲོ་བ་དཔག་ཏུ་མེད་པ་བརྟས་ཤིང་དད་པའི་སྤུ་ལོང་གཡོ་ཞིང་མོས་གུས་ལྷག་པར་འཕེལ་བའི་དབྱངས་རྟ་ལྷང་ལྷང་དུ་འདོན་མཛད།
སྔ་དྲོ་ཕྱག་ཚོད་ 8:00 པའི་ཐོག་བཀའ་བརྒྱུད་སྨོན་ལམ་ཚོགས་པས་གོ་སྒྲིག་བྱས་ཏེ་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་དང་སྨོན་ལམ་གྱི་ལས་སྣེ་འགའ་ཞིག་བཅས་རྡོར་གདན་བྱང་ཆུབ་མཆོད་རྟེན་རིན་པོ་ཆེའི་ནང་། མཉམ་མེད་ཐུབ་པའི་དབང་པོའི་སྐུ་དངོས་སུ་འཚོ་ཞིང་བཞུགས་པ་ཉིད་དང་སྒོ་ཀུན་ནས་མཚུངས་པའི་དྲུང་དུ་ན་བཟའ་རིན་པོ་ཆེ་དང་ལྷུང་བཟེད་འགེངས་པར་ཕུལ།
ཕྱག་ཚོད་9:00-10:30 པའི་ཐོག་མཎྜལ་ཚོམ་བུ་བདུན་མ་དང་བྱང་སྡོམ་བརྒྱུད་འདེབས་སོགས་དབྱངས་རྟ་སྙན་པོས་སྣ་དྲངས་ཏེ། དཔལ་༧རྒྱལ་དབང་༧ཀརྨ་པ་མཆོག་ལ་དད་ཅན་སྦྱིན་བདག་རྣམ་པས་སྐུ་གསུང་ཐུགས་ཀྱི་མཎྜལ་རྟེན་དོད་འདེགས་འབུལ་ཞུས། ཐེངས་དེའི་སྨོན་ལམ་སྐབས་ཀྱི་གསུང་ཆོས་དཔལ་ལྡན་དུས་གསུམ་མཁྱེན་པའི་ཚོགས་ཆོས་བཀའ་ཁྲིད་དབུ་ཚུགས་གནང་། བརྗོད་བྱ་གཙོ་བོ་ཤེས་རབ་ཀྱི་སྐོར་དང་། དེའི་ནང་ནས་ཐོས་བསམ་སྒོམ་པའི་ཤེས་རབ་སོགས་ཀྱི་སྐོར་གོ་དོན་རྒྱ་ཆེ་ལ་གཏིང་ཟབ་པའི་དཔེ་མཚོན་དང་བཅས་པའི་ཞི་བསིལ་དམ་པའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་ཅིང་། དད་ལྡན་སེར་སྐྱ་ཐམས་ཅད་མཐོང་ཐོས་དྲན་རེག་གིས་སྐལ་བཟང་དགའ་སྟོན་མངོན་དུ་གྱུར། དེའི་རྗེས་རྗེ་ཙོང་ཁ་པས་མཛད་པའི་ལམ་རིམ་སྨོན་ལམ་སྙན་པའི་དབྱངས་ཀྱི་རྟ་དྲངས་སྐབས། དད་ལྡན་ཕྱི་ནང་མི་རིགས་སེར་སྐྱ་མཐའ་དག་གི་དད་པའི་སྤུ་ལོང་རབ་ཏུ་གཡོས་ཤིང་ཐལ་མོ་སྦྱར། ཐར་པ་ངེས་ལེགས་ཀྱི་བག་ཆགས་བཟང་པོ་འཇོག་པའི་རྒྱུར་གྱུར་པའི་སྐྱ་རེངས་ཤར།
གསོན་གཤིན་གཉིས་ཀྱི་བསྔོ་བ།
དེ་ནི་སྒོ་གསུམ་རྣམ་པར་དཀར་བའི་བསོད་ནམས་ཀྱི་དགེ་ཚོགས་རྒྱ་ཆེ་ལ་རྒྱུན་མི་ཆད་པ་བསམ་སྦྱོར་རྣམ་པར་དག་པ་བགྱིས་པ་འདིས་མཚོན་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་དང་རང་རྒྱལ། སོ་སོའི་སྐྱེ་བོ་ལ་སོགས་པའི་བདག་གཞན་འཁོར་འདས་དུས་གསུམ་དུ་བསགས་ཡོད་ཀྱི་དགེ་ཚོགས་མ་ལུས་པ་དེ་ཡང་། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་རྣམས། །ཞེས་གསུངས་པ་ལྟར། མ་བསྔོས་པ་དང་ལོག་པར་བསྔོས་པའི་ཉེས་སྐྱོན་གྱིས་མ་གོས་པའི་ཆེད་དུ་ཐུགས་སྨོན་རྒྱ་ཆེར་གནང་བ་ཡིན་པས་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་ཀྱི་ཕྲིན་ལས་རྨད་དུ་བྱུང་བ་ཞིག་མ་ཡིན་ནམ་སྙམ། དེའི་རྗེས་སྨོན་ལམ་གྲུབ་པའི་གཟུངས་དང་། བསྟན་རྒྱས་སྨོན་ལམ་བཅས་གསུང་ནས་སྔ་དྲོའི་ཚོགས་ཐེངས་གྲོལ།
ངུར་སྨྲིག་རྒྱལ་མཚན་འཆང་བའི་དགེ་སློང་རྣམ་པའི་གུང་ཚིགས།
བཀའ་བརྒྱུད་སྨོན་ལམ་ཆེན་སྐབས་སུ་སྔར་དཔལ་༧རྒྱལ་དབང་ ༧ཀརྨ་པ་མཆོག་ནས་བཀའ་སློབ་ལམ་སྟོན་གནང་བ་གཞིར་བཟུང་། རྒྱལ་བས་སྟོན་པ་དང་བསྟན་པ་གཉིས་ཀར་བསྔགས་པའི་དམ་ཆོས་འདུལ་བའི་ཕྱག་བཞེས་མ་ཉམས་པ་སྔོན་མཉམ་མེད་བསྟན་པའི་བདག་པོ་འཁོར་དང་བཅས་པ་དངོས་སུ་སྐྱེད་མོས་ཚལ་དུ་སེར་ལྟེམ་མེར་བཞུགས་པ་བཞིན། ཡོན་གནས་དམ་པ་ངུར་སྨྲིག་གི་རྒྱལ་མཚན་འཆང་བའི་དགེ་སློང་རྣམས་ཡོངས་དགེ་གཏེར་སྒར་འདུ་ཁང་ཆེན་མོའི་ནང་། ལྷམ་མེ། ལྷན་ནེ། ལྷང་ངེར། ཅ་ཅོའི་སྒྲ་མེད་པ་ལྷན་དུ་སངས་རྒྱས་ཉིད་ཀྱིས་བསྔགས་པའི་འཚོ་བ་ལ་རོལ་བ་སོགས་བསོད་ནམས་ཚོགས་ཆེན་ལ་འཇུག་པའི་ཚུལ་རྣམ་དག་ནི། ཕྱོགས་ནས་ཕེབས་པའི་དད་ལྡན་མང་པོ་དང་བ་འདྲེན་པའི་ཆ་རྐྱེན་དུ་གྱུར་ཅིང་། ༧རྒྱལ་དབང་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་བ་ཡང་ཉུང་ཉུང་མིན་པ་མཐོང་ཐུབ།
ཉིན་རྒྱབ་ཆུ་ཚོད་ 1:30 ནས་3:00 བར་སྨན་བླའི་མདོ་ཆོག་བསྡུས་པ་གསུངས། དེའི་རྗེས་སུ་འབྲི་གུང་འཕགས་སྨོན། ཐང་པའི་སྨོན་ལམ། ཁྲོ་ཕུའི་སྨོན་ལམ་རིན་སིལ། རིས་མེད་བསྟན་འཛིན་ཞབས་བརྟན། མགོན་པོའི་གསོལ་བསྡུས། བོད་ཡུལ་བདེ་སྨོན། ལུང་གཞིའི་ཤིས་བརྗོད། བསྟན་འབར་མ། བདེན་གྲུབ་མ་བཅས་གསུངས་ནས་འཛམ་བུ་གླིང་འདིས་མཚོན་འཇིག་རྟེན་ཁམས་སུ་སྙིགས་དུས་ཀྱི་རྒུད་ཚོགས་མཐའ་དག་ཞི་ཞིང་། ཕན་བདེའི་འབྱུང་གནས་མཉམ་མེད་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་བླ་ནས་བླར་འཕེལ་ཞིང་། སྒོས་སུ་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་སོ་སོའི་བསྟན་པ་རྒྱས་པ་དང་། ཡངས་པའི་འཇིག་རྟེན་ཐ་གྲུ་ཀུན་ཏུ་གནོད་འཚེ་མཐའ་དག་ཞི་ནས། རྫོགས་ལྡན་བདེ་སྐྱིད་དཔལ་ལ་འགོད་པར་བྱེད་པའི་མཐུན་སྦྱོར་དང་། ༧གོང་ས་ལྷ་མིའི་རྣམ་འདྲེན་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་དང་། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧དཔལ་རྒྱལ་དབང་༧ཀརྨ་པ་རྒྱལ་བ་ཡབ་སྲས་རྣམ་པ་སྐུ་ཚེ་བརྟན་ཅིང་བསྟན་འགྲོའི་དོན་ཆེན་མ་ལུས་པ་འགྲུབ་པའི་མཚམས་སྦྱོར་དང་འགྲོ་མགོན་བཀའ་བརྒྱུད་པའི་སྨོན་ལམ་ཆེན་མོ་ཉིན་གསུམ་པ་སྟོན་འཁོར་ཕུན་སུམ་ཚོགས་པའི་སྒོ་ནས་རྣམ་དཀར་དགེ་བའི་བྱ་བ་རླབས་པོ་ཆེ་གྲུབ་པའི་གནས་ཚུལ་དུ་ཀརྨ་བསོ་རྒྱལ་པས།
༧དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པས་སྩལ་བའི་བཀའ་བརྒྱུད་སྨོན་ལམ་ཉིན་གསུམ་པའི་བཀའ་ཆོས། དུས་གསུམ་མཁྱེན་པའི་ཚོགས་ཆོས་ཆོས་དྲུག་མ།
"དེ་རིང་དེར་ཆིབས་བསྒྱུར་བསྐྱངས་པའི་ཟུར་མང་གར་དབང་རིན་པོ་ཆེ་དབུས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་། དེ་ག་ནང་བཞིན་དགོན་སྡེ་ཁག་གི་གྲྭ་བཙུན་ཕོ་མོ། དེ་ག་ནང་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་མི་མང་། བོད་རིགས་སྤུན་ཟླ་རེད། ཧི་མ་ལའི་རིགས་བརྒྱུད་དང་བཅས་པ་ཚང་མ་ལ་ཐོག་མར་འཚམ་འདྲི་བཀྲིས་བདེ་ལེགས་ཞུ་ཡ་ཡིན།
ད་དེ་རིང་འདིར་ཞུ་ཡ་འདི་ག་རེ་རེད་ཟེར་ན། ད་ཁ་སང་ཆོས་རྗེ་དུས་གསུམ་མཁྱེན་པའི་ཚོགས་ཆོས་ཆོས་དྲུག་མའི་ནང་ལོགས་ནས་ཤེས་རབ་ཀྱི་སྐོར་ཞུས་པ་རེད། དེ་་རིང་དེའི་སྐོར་སྔོན་ལ་གོ་བདེ་བོ་ཡོང་ཡ་ཆེད་དུ་ཤེས་རབ་ཀྱི་སྐོར་དེང་སང་གི་སྐད་ཆ་བཤད་སྟངས་འདྲ་བོ་བྱས་ནས་ག་ཚད་ཐུབ་ཐུབ་གོ་བདེ་བོ་དང་གོ་ལས་སླ་བོ་ཞིག་ཞུ་ན་བསམ་དྲན་སོང་། ཁ་སང་ཤེས་རབ་དེ་ལ། །ཅི་ཐོད་ཐོད་ཤེས་པའི་ཤེས་རབ་དེས་ཅུང་མི་འོང་། །ཅེས་གསུངས་པ་ལྟར་ཡོང་གི་མ་རེད།
ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དགོས་ཀྱི་རེད་གསུངས་སོང་། བྱས་ཙང་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཟེར་ཡོང་དུས་ཙ་ནས་དང་པོ་ཐོས་པའི་ཤེས་རབ། ཐོས་པའི་ཤེས་རབ་ཟེར་ན་གང་འདྲ་ཞིག་རེད་ཟེར་ན་རང་ཉིད་ཀྱི་གནས་ཚུལ་གང་འདྲ་ཞིག་ཡིན་པ་ཤེས་རྟོགས་བྱེད་ཡ། གནས་ཚུལ་ག་རེ་ཡིན་པ་ངོས་འཛིན་བྱེད་ཐུབ་པ་བྱེད་ཡ་འདི་འདྲ་གཅིག་ལ་ཐོས་པའི་ཤེས་རབ་ཟེར་གྱི་ཡོད་རེད། དཔེར་ན་ང་ཚོས་ནམ་རྒྱུན་སོ་སོ་ལ་མི་གཞན་དག་གིས་ཁ་ཡ་མ་བྱེད་པ་ལ་བརྟེན་ནས་སེམས་ཁོང་ཁྲོ་ལང་འགྲོ་ཡ་དེ་འདྲ་ཡོད་རེ་བ། ཡང་དེ་ག་ནང་བཞིན་གྱི་སོ་སོས་ལས་ཀ་ཞིག་བྱས། ལས་ཀ་ཡག་པོ་ཞིག་བྱེད་པ་ཡིན་ན་ཡང་མི་གཞན་དག་གིས་བསྔགས་བརྗོད་ལ་སོགས་མ་བརྗོད་པ་ལ་བརྟེན་ནས་སེམས་ཕམ་འགྲོ་ཡ་དེ་འདྲ་ཡོང་བསྡད་ཀྱི་ཡོད་རེད་བ། དེ་འདྲ་ཡོང་བའི་ཁ་ཐུག་ལ་ང་ཚོ་ག་འདྲ་བྱེད་དགོས་རེད་ཟེར་ན། དམ་པའི་ཆོས་དང་དེ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ལ་སློབ་སྦྱོང་བྱེད། ད་ང་ཚོས་ག་ལེ་ག་ལེ་སོ་སོ་སེམས་འཁྲུགས་ཡ་དང་བློ་ཕམ་ཡ་དེ་གང་འདྲ་བྱེད་ནས་ཡོང་གི་འདུག འདི་ཚོའི་རྒྱབ་ལོགས་ལ་གནས་ཚུལ་གང་འདྲ་འདུག་ང་ཚོ་ཧ་གོ་ཐུབ་པ་བྱེད་དགོས་ཡ་གལ་ཆེན་པོ་རེད། ད་ང་ཚོའི་སེམས་འཁྲུགས་ཡ་དང་བློ་ཕམ་ཡ་འདི་ཚོའི་རྒྱབ་ལོགས་ལ་ག་རེད་ཡོད་རེད་ལབ་ན། དངོས་གནས་བཤད་པ་ཡིན་ན་ང་ཚོའི་སེམས་ཀྱི་ནང་ལོགས་ལ་སོ་སོ་ལ་མི་གཞན་དག་གི་དོ་སྣང་གཅིག་བྱེད་རོགས་བྱེད་ན་བསམས་པའི་དེ་འདྲའི་རེ་བ་བརྒྱབ་གི་ཡིན་ཙང་། མིས་དོ་སྣང་མ་བྱེད་དུ་སེམས་འཁྲུགས་ཡོང་གི་ཡོད་རེད། དེ་ག་ནང་བཞིན་སོ་སོའི་ལས་ཀ་ཡག་པོ་འདྲ་བྱེད་དེ་ལ་ཡ་བསྔགས་བརྗོད་མ་བརྗོད་དུས་སེམས་ཕམ་ཡོང་གི་ཡོད་རེད། རྒྱུ་མཚན་གང་རེད་ཟེར་ན། མི་གཞན་དག་གི་སོ་སོའི་ལས་ཀ་བྱེད་པ་དེ་ལ་ཡིད་ཆེ་དང་ངོས་ལེན་བྱེད་ཡ་རེ་བ་ཞིག་བརྒྱབ་ཀྱི་ཡོད་པ་ཡིན་ཙང་། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོ་སེམས་ཕམ་ཡོང་གི་ཡོད་རེད་བ། དེ་འདྲ་ཡིན་དུས་ད་སོ་སོ་སེམས་འཁྲུགས་དགོས་ཡ་དང་བློ་ཕམ་དགོས་ཡ་འདི་ཡི་རྒྱབ་ལོག་ལ་ག་རེ་ཡོད་པ་ཧ་གོ་བར་བྱེད་ནས། སོ་སོའི་སློབ་སྦྱོང་བྱེད། དེ་འདྲ་བྱེད་ཡོང་དུས་ཙ་ནས་དེའི་རྒྱབ་ལོགས་ལ་ཉོན་མོངས་དུག་གསུམ་ཡོད་པ་དང་། སོ་སོ་ལ་རེ་དོགས་འདྲ་བོ་ཡོད་པ་ཡིན་ཙང་། འདི་རྒྱུ་མཚན་ལ་བརྟེན་ནས་སེམས་འཁྲུགས་ཡོང་གི་ཡོད་པ་ཧ་གོ དེ་འདྲ་བྱས་ནས་སེམས་འཁྲུགས་པའི་རྒྱུ་རྐྱེན་འདི་ཚོ་ངོ་འཛིན་པར་བྱེད་ཡ་ཧ་གོ་བར་བྱེད་ཡ་དེ་ལ་ཐོས་པའི་ཤེས་རབ་ཟེར་ན་ཆོག་པ་འདྲ་གཅིག་འདུག །
ད་དེས་ནས་བསམ་པའི་ཤེས་རབ་ཟེར་ཡ་གང་འདྲ་རེད་ཟེར་ན། གཙོ་བོ་གཅིག་དབྱེ་ཞིབ་བྱེད་ཡ་བསྐྱར་ཞིབ་བྱེད་ཡ་དེ་འདྲ་གཅིག་ལ་གོ་ལེན་ན་འགྲིག་གི་མེད་འགྲོ་བསམ་བསམ་གཅིག་འདུག དེ་ཡང་གང་འདྲ་ཞིག་རེད་ལབ་ན། དཔེར་ན་སོ་སོ་ལ་ཉོན་མོངས་པ་ཆེན་པོ་ཞིག་སྐྱེ་པའི་སྐབས་ལ། བློ་བུར་དུ་མི་གཞན་དག་གི་སོ་སོ་ལ་མགུ་བསྐོར་བཏང་བ་ཡིན་པ་ཧ་གོ་བཅས། བློ་བུར་དུ་ཁོང་ཁྲོ་ཞེ་བོ་གཅིག་ལང་ཡ་ཡོད་རེད་བ། དེ་འདྲའི་ཁོང་ཁྲོ་ཟ་བའི་སྐབས་ལ་ཡ། སོ་སོའི་སེམས་འདི་ཉོན་མོངས་པས་གར་ཁྲིད་ཁྲིད་འདྲ་བོ་གཅིག་བྱེད་བཅས། སོ་སོའི་རྐང་བཙུགས་ནས་སེམས་ལྷོད་ཡོངས་བའི་ཐབས་ཤེས་བྱེད་དགོས་རེད། དཔེར་ན་དང་པོ་སོ་སོའི་བསམ་བློ་གཏོང་མཚམས་བཞག་བཅས་ནས། ད་མི་མགོ་བསྐོར་བཏང་བ་འདི་ཚོ་མཚམས་འཇོག་བཞག་བཅས་ནས། སྔོན་ལ་འདི་ཚོ་བསམ་བློ་མ་གཏོང་། དབུགས་རིང་པོ་གཅིག་ཐོང་། དེ་ནས་སྐབས་དེའི་དུས་སོ་སོ་ཁོང་ཁྲོ་ཟ་བསྡད་པ་ཡོད་པ་ཡིན་དུས། ཁོང་ཁྲོའི་བསམ་པ་དེ་ལ་ཏོག་ཙམ་ལྟོས། ཡང་ན་གནས་ཚུལ་དེ་ལ་བལྟ་སྟངས་དང་ཁ་ཕྱོགས་མ་འདྲ་བ་གཅིག་ཐོག་ནས་བསམ་བློ་ཐོང་དེ་འདྲ་བྱེད་པ་ཡིན་ན། ང་ཚོའི་ཉོན་མོངས་འདི་གནས་སྐབས་ཤུགས་ཆེན་པོ་མི་ཡོངས་ཡ་མར་འབུར་འཇོམས་བྱེད་ཐུབ་ཡ་འདྲ་བོ་གཅིག་དང་།རང་ཉིད་ཉོན་མོངས་པའི་དབང་དུ་མི་འགྲོ་ཡ་བཅས་དེ་འདྲའི་ཕན་ཐོགས་ཡོང་གི་ཡོད་པ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་བསམ་པའི་ཤེས་རབ་ཟེར་ཡ་དེ་གནས་ཚུལ་ལ་དབྱེ་ཞིབ་བྱེད་ཡ། གནས་ཚུལ་ལ་བསྐྱར་དུ་བསམ་བློ་ལྷོད་ལྷོད་གཏོང་ཡ། དེ་འདྲའི་ཐོག་ནས་ལམ་སང་སེམས་འཁྲུགས་པ་དང་ཉོན་མོངས་པའི་དབང་དུ་མ་གཏོང་། དེ་འདྲ་གཅིག་ལ་བསམ་པའི་ཤེས་རབ་ཟེར་གཅིག་ཡོང་གི་འདུག་ཨ།
དེ་ནས་སྒོམ་པའི་ཤེས་རབ་ཟེར་ཡ་འདི་གང་རེད་ལབ་ན། ཁ་ནང་དུ་ཕྱོགས་པའི་རིམ་པ་གཅིག་དང་། གོམས་འདྲིས་བྱེད་ཡ་གཅིག་ཡིན་པ་རེད། དེ་ཡང་ཉོན་མོངས་དང་པོ་སྐྱེ་བའི་སྐབས་ལ་ང་ཚོས་དྲན་ཤེས་བརྟེན་བྱེད་ནས། སོ་སོའི་བསམ་བློ་གཏོང་སྟངས་དེ་ལ་འགྱུར་བ་གཏང་དགོས། འགྱུར་བ་བཏང་རྗེས་ག་ལེ་ག་ལེ་གཉེན་པོ་བསྟེན་སྟངས་དེ་སོ་སོའི་གོམས་ཤིས་འདྲ་བོ་གཅིག་དང་། དབྱིན་ཇིའི་སྐད་ནང་ (Reaction) ཟེར་དགོས་མ་རེད་བས། གང་ལྟར་སོ་སོའི་གོམས་གཤིས་གཅིག་དང་སོ་སོའི་རང་བཞིན་འདྲ་བོ་གཅིག་ལ་འགྱུར་བར་བྱེད་ཐུབ་དགོས་ཡ་འདི་གལ་ཆེན་པོ་རེད། དེ་ལྟ་བུའི་གོམས་གཤིས་གསར་པ་གཅིག་དང་། གོམས་འདྲིས་གསར་པ་གཅིག་སླེབ་ཐུབ་པ་ཡིན་ན། དེ་ག་རེ་ཕན་ཐོགས་ཀྱི་རེད་ལབ་ན་སྔར་སོ་སོ་རང་ཉིད་ཀྱི་སེམས་འཁྲུགས་སླ་བ་ཉོན་མོངས་སྐྱེ་སླ་བའི་རང་བཞིན་དེ་ལ་ཡ་འགྱུར་བ་འགྲོ་ཐུབ་པ་ཞིག་ཡོང་གི་རེད། དཔེ་ཆ་བཞག་པ་ཡིན་ན་སྔར་ཡིན་ན་སོ་སོའི་ཤེས་པ་དང་སོ་སོའི་བསམ་པ་དེ་རང་བདེན་པ་ཡིན་བསམ་བསམ་འདྲ་བོ་ཅིག་ངེད་ག་རེ་བཤད་པ་དེ་རང་བདེན་པ་ཡིན། ངེད་གང་བསམ་པ་དེ་རང་བདེན་པ་ཡིན་བསམ་བསམ། སོ་སོ་ལ་བདེན་ཁ་བཟེད་ཡ་འདྲ་བོ་གཅིག་ཡོད་རེ་བ། དེ་འདྲའི་གོམས་གཤིས་རྙིང་པ་འདི་ཚོ་ག་ལེ་ག་ལེ་འགྱུར་བ་ཕྱིན་བཅས། གོམས་གཤིས་གསར་པ་གཅིག་སླེབ་ཐུབ་པ་གཅིག་བྱུང་ཡོད་པ་ཡིན་ན། རྣམ་རྟོག་དང་ཉོན་མོངས་ག་ཚོད་བྱུང་བ་ཡིན་ཡང་དེ་དག་སྔོན་མོ་ནང་བཞིན་སོ་སོ་ལ་ཉོན་མོངས་པའམ་ཡང་ན་དཀའ་དངལ་སྤྲོད་ཡ་འདྲ་བོ་གཅིག་མ་ཆགས་པ་བཅས། ཉོན་མོངས་པ་སྐྱེས་ན་ཡང་སྐྱེ་བཅུག །དེ་ལ་བདག་པོ་འདྲ་བོ་གཅིག་མ་བྱས་ཁོ་རང་ག་བ་འགྲོ་གི་ཡོད་ན་ཡང་གཏོང་བཞག་ཆོག་ཡ་འདྲ་བོ་གཅིག་ཡོང་གི་ཡོད་རེད་བ། དེ་འདྲ་ཡིན་དུས་ཡིན་ཇི་མིན་ཇི་གོམས་འདྲིས་བརྟེན་ཡ་འདི་གལ་ཆེན་པོ་རེད་འདུག་ཨ།
བྱས་ཙང་གཤམ་ལ་ཡ། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་འདི་ང་ཚོའི་དངོས་ཡོད་ཀྱི་འཚོ་བའི་ནང་ལ་གང་འདྲ་མངོན་ཐུབ་ཀྱི་རེད། དཔེ་མཚོན་འདྲ་བོ་གཅིག་ཞུས་པ་ཡིན་ན། དཔེ་ཆ་བཞག་པ་ཡིན་ན་ང་ཚོའི་གཟུགས་པོའི་བདེ་ཐང་དང་འཕྲོད་བསྟེན་གྱི་ཆེད་དུ་ཡིན་ནའང་འདྲ་འདུག། ཡང་སོ་སོའི་གཟུགས་པོ་ཡག་པོ་བཟོ་ཡ་དེ་འདྲའི་ཆེད་དུ། ལུས་རྩལ་རྩེད་ཡ་དང་འཚོ་བ་གསར་པ་བསྐྱེད་ཡ་འདྲ་བོ་འདོད་པ་ཡོད་པ་ཡིན་ན། དེ་ལ་ཡ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དགོས་ཀྱི་ཡོད་རེད།
དང་པོ་ཐོས་པའི་ཐོས་པའི་ཤེས་རབ་འདི་ག་རེ་རེད་ཟེར་ན་ཤེས་རྟོགས་བྱེད་ཡ་དེ་རེད་བ། དང་པོ་སོ་སོས་ལུས་རྩལ་རྩེད་ཡ་དེ་འདྲ་བོ། བདེ་ཐང་ཡོང་ཡ་དང་འབྲེལ་བ་ཡོད་བསྡད་པའི་ཤེས་བྱ་འདི་ཚོ་ལ་ཡ་སློབ་སྦྱོང་བྱེད། དཔེ་ཆ་གཞག་པ་ཡིན་ན་བྱེ་མ་ཀ་ར་དང་སྣུམ་མང་པོ་ཡོད་པའི་ཁ་ལག་ཟོས་པ་ཡིན་ན། གཟུགས་པོའི་ཕྲོད་བསྟེན་དང་བདེ་ཐང་ལ་གནོད་ཀྱི་རེད། ད་དེ་འདྲའི་གནས་ཚུལ་མང་པོ་ཞིག་སོ་སོས་ཧ་གོ་བར་བྱེད་དགོས་རེད་བ། ད་འདི་ག་རེ་རེད་ལབ་ན་ཐོས་པའི་ཤེས་རབ། ཤེས་བྱ་དང་འབྲེལ་ཡོད་གནས་ཚུལ་འདི་ཚོ་ངོས་འཛིན་བྱེད་པའི་རིམ་པ་ཞིག་ཆགས་འདི་ཡོད་རེད་བ། སོ་སོའི་ད་དེའི་རྗེས་སུ་བསམ་པའི་ཤེས་རབ་འདི་གང་འདྲ་ཞིག་རེད་ལབ་པ་ཡིན་ན། སོ་སོའི་རྫས་དང་སྤྱོད་ལམ་ཡིན་ནའང་འདྲ། གཟུགས་པོ་ལ་སྦྱོང་བརྡར་བྱེད་ཡ་ཡིན་ན་ཡང་འདྲ། སོ་སོས་འཆར་གཞི་སོ་སོ་དང་འཚམ་པར་བྱས་བཅས་ནས། ཨ་ནི་མཚམས་མཚམས་རྫས་ངན་པ་ཟེར་དགོས་མ་རེད་བས། དེང་སང་ (Dirty Food) ཟེར་གྱི་འདུག་ཨ། ཟས་ངན་པ་ཟ་ཡ་འདོད་པ་འབྱུང་བའི་སྐབས། སོ་སོས་བསམ་བློ་ཡག་པོ་གཅིག་གཏོང་བཅས་ནས། འདི་ཟོས་པ་ཡིན་ན་ཕུག་ལ་ཡ་དགེ་ག་རེ་ཡོང་གི་ཡོད་པ། སྐྱོན་ག་རེ་ཡོང་གི་ཡོད་པ། འདི་ཚོ་བསམ་བློ་གཏོང་བཅས་ནས་སོ་སོའི་སེམས་ལ་སྟངས་འཛིན་བྱེད་ཡ་དེ་འདྲ་བྱེད་དགོས་རེད། དེ་ག་ནང་བཞིན་ལུས་སྦྱོང་བྱེད་པའི་སྐབས་ལ་ཡིན་ན་ཡང་། ལུས་རྩལ་སྦྱོང་པའི་སྐབས་ཡིན་ན་ཡང་། ལུས་རྩལ་སྦྱོང་འདོད་མེད་པ་དེ་འདྲ་བྱུང་བའི་མཚམས་ལ་ཡ། ལུས་སྦྱོང་བྱེད་ལུས་རྩལ་རྩེད་པ་ཡིན་ན་དེ་ལ་བརྟེན་ནས་ཕན་ཡོན་ག་རེ་ཡོངས་གི་ཡོད་པ་འདི་ཚོ་དྲན་པར་བྱེད་བཅས་ནས། སོ་སོས་སོ་སོ་ལ་བསྐུལ་དེད་གཏོང་དགོས་ཡོད་རེད། བྱས་ཙང་འདི་ཚོ་ཚང་མ་གཙོ་བོ་རྒྱུ་མཚན་དང་རིག་པ་ལ་བརྟེན་བཅས་ནས། རིག་པ་ཟེར་དགོས་མ་རེད་བས་ཕན་ཡོན་ལ་བརྟེན་བཅས་ནས། གོམས་ཤིས་རྙིང་པ་དེ་ཚོ་གནས་སྐབས་འགྱུར་བ་གཏོང་ཐབས་བྱེད་ཡ་བརྒྱུད་རིམ་གཅིག་ལ་བསམ་པའི་ཤེས་རབ་ཟེར་ལབ་དགོས་ཡོད་རེད།
ད་སྒོམ་པའི་ཤེས་རབ་ཟེར་ཡ་འདི་གང་འདྲ་ཞིག་རེད་ལབ་ན། ད་ལྟ་གོང་དུ་ཞུས་པ་ནང་བཞིན་ཡུན་རིང་པོ་གཅིག་ལ། སོ་སོ་བདེ་ཐང་ཡོང་ཡ་ཕྲོད་བསྟེན་ཡོང་ཡ། དེ་ག་ནང་བཞིན་གཟུགས་པོ་ཡག་པོ་ཡོང་བའི་ཆེད་དུ་ཡུན་རིང་པོ་ལ་ཡང་ནས་ཡང་དུ། གོམས་འདྲིས་བྱེད་པ་ལ་བརྟེན་ནས་བདེ་ཐང་གི་ཟས་དང་སྤྱོད་ལམ་ཡིན་ན་ཡང་རེད། དེ་ག་ནང་བཞིན་ལུས་སྦྱོང་ཡིན་ཡང་ཉི་མ་གཅིག་ལ་བྱེད་གཅིག་ལ་མ་བྱེད་པ་ནང་བཞིན་མིན་པ། དུས་རྒྱུན་ལྡན་ལ་ལུས་སྦྱོང་བྱེད་ཡ་གོམས་འདྲིས་འདྲ་གཅིག་ཐེབས་པ་ཡིན་ན། རིམ་གྱི་སོ་སོས་སྔོན་མ་ཡིན་ན་དེ་འདྲ་གོམས་འདྲིས་འདི་སོ་སོས་ཨུ་ཚུགས་བྱེད་ནས་བྱེད་དགོས་རེད་བ། ཡིན་ན་ཡང་ག་ལེ་ག་ལེ་རང་གི་འཚོ་བའི་གོམས་ཤིས་འདྲ་བོ་ཅིག་ཆགས་ནས། རང་གི་ངང་གིས་ཡོངས་ཐུབ་པ་ཞིག་ཡོང་གི་ཡོད་རེ་བ། དེ་འདྲ་ཞིག་བྱུང་བའི་མཚམས་ལ་ཡ་སྔར་ཡིན་ན་སོ་སོས་ཨུ་ཚུགས་རྒྱབ་ན་ (Burgur འདྲ་བོ་ཅིག་ཟ་འདོད་ཡོད་པ་ཡིན་ན། དེ་ཟ་མ་ཡོངས་ཞེས་ཨུ་ཚུགས་རྒྱབ་ནས་བཀག་དགོས་ཀྱི་ཡོད་རེད། Coca-Cola) འདྲ་བོ་ཅིག་འཐུང་འདོད་ཡོད་ན་ཡང་འཐུང་མ་ཡོང་ཞེས་ཨུ་ཚུགས་རྒྱབ། གང་ལྟར་ཟས་ངན་ཟ་འདོད་ཡོད་པའི་བསམ་བློ་དེ་དང་མཉམ་དུ་སོ་སོ་རྩོད་པ་བརྒྱབ་ནས་དགག་དགོས་ཀྱི་ཡོད་རེད། ཡིན་ན་ཡང་གོམས་འདྲིས་ཐེབས་པ་ཡིན་ན་ཞེ་དྲག་དཀའ་ལས་བརྒྱབ་དགོས་མ་རེད། གང་ཡིན་ལབ་པ་ཡིན་ན་ལུས་སེམས་གཉིས་ཀའི་རང་གིས་ངང་གིས་འཕྲོད་བསྟེན་ཡོད་པའི་ཟས་བཟང་པོ་འདི་ཚོ་ལ་དགའ་བོ་བྱས། སོ་སོའི་ལུས་རྩལ་རྩེད་དེ་འདྲ་བྱེད་པ་ལ་བརྟེན་ནས་གཟུགས་པོ་ལ་ཤུགས་དང་སྟོབས་ཡོངས་ཀྱི་ཡོད་པ་ཡིན་དུས། གཟུགས་པོ་ལ་ཤུགས་ཡོད་པའི་ཚོར་བ་དང་སྟོབས་ཡོད་པའི་ཚོར་བ་དེ་ལ་དགའ་བོ་ཆགས་ཡོངས་དུས་ཙ་ནས། སོ་སོ་ལ་ཨུ་ཚུགས་འདྲ་བྱེད་མ་དགོས་པར་རང་གི་ངང་གིས་འཕྲེད་བསྟེན་བྱེད་ཡ་དང་། ལུས་རྩལ་རྩེད་ཡ་ལ་དགའ་བོ་ཡོང་ཡ་ཅིག་ཆགས་ཀྱི་ཡོད་རེད། ད་གང་ལྟར་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་འདི་ཚོར་བ་དངོས་ཀྱི་ནང་ལོགས་ལ་འཕྲོད་བསྟེན་འདྲ་བོ་དང་གཟུགས་པོ་བཟོ་ཡ་དེ་འདྲའི་སྐོར་ལ་སྦྱར་བ་ཡིན་ན་ཡང་སྦྱར་ཡ་ཡོད་པ་དེ་འདྲ་རེད་བཞག །
གཤམ་ལ་ཡ་ངེད་ག་རེ་ཞུ་འདོད་བྱུང་སོང་ཟེར་ན་ཤེས་རབ་བཅས་ང་ཚོའི་ལབ་སྐབས་ལ་ཡ། ང་ཚོའི་མི་མང་པོ་ཞིག་གིས་ཤེས་རབ་དང་། མི་འདི་སྤྱང་པོ་འདུག་མི་འདི་གྲུང་པོ་འདུག་ཤེས་རབ་འདུག་ལབ་ཡ་གཉིས་ནོར་འགྲོ་ཡི་འདུག །བྱས་ཙང་འདི་སྐོར་ལ་གོ་བ་ལེན་སྟངས་སོ་སོའི་བསམ་ཚུལ་འདྲ་ཞུ་ན་དྲན་བྱུང་། དེ་ཡང་ནམ་རྒྱུན་ང་ཚོའི་མི་མང་པོ་ཞིག་གིས་མི་འདི་སྤྱང་པོ་འདུག་མི་འདི་གྲུང་པོ་ཟེར་ཡ་འདི་ལ་སྤྱིར་བཏང་རིགས་གཉིས་འདྲ་འདུག་ དེ་ལ་དབྱིན་སྐད་རྒྱབ་པ་ཡིན་ན། (Inteligent) སྤྱང་པོ་འདུག་ལབ་ཡ་དང་གྲུང་པོ་འདུག་ལབ་ཡ་འདི་རེད། (Emotional Inteligent) ལབ་ཡ་འདི་ང་རང་ཚོའི་ཆོས་སྐད་འདྲ་རྒྱབ་པ་ཡིན་ན་ཤེས་རབ་ཉོན་མོངས་ཅན། ཤེས་རབ་ཉོན་མོངས་ཅན་རང་ཆགས་ཀྱི་ཡོད་མ་རེད། ཡིན་ཡང་གང་ལྟར་དང་པོ་སྔོན་ལས་ (Inteligent) རིག་པ་ཡག་པོ་ཡོད་པ་ཟེར་ཡ་འདི་གང་འདྲ་ཞིག་ལ་ཟེར་གྱི་ཡོད་རེད་ལབ་ན། རྒྱུ་མཚན་དང་ལྡན་པའི་བསམ་བློ་གཏོང་ཡ་ནུས་པ་ཆེན་པོ་ཡོད་པ། སློབ་སྦྱོང་བྱེད་ཡ་ནུས་པ་ཆེན་པོ་ཡོད་བསྡད་པ། ཐོས་རྒྱ་ཆེན་པོ་ཡོད་བསྡད་པ་ཟེར་ནའང་འདྲ། ཤེས་རྒྱ་ཆེན་པོ་ཡོད་བསྡད་པ་དེ་འདྲ་ཅིག་ལ་ལབ་ཆོག་གི་རེད་བ། (Emotional Inteligent) དེ་གང་འདྲ་ཞིག་ཟེར་གྱི་རེད་ལབ་ན། མི་དང་མི་བར་ན་འབྲེལ་ལམ་བཙུགས་ཡ་ལ་མཁས་པ་ཡོད་པ། འགོ་ཁྲིད་ཀྱི་ནུས་པ་ཡག་པོ་ཡོད་པ། མི་དང་མི་ཡི་བར་ན་འབྲེལ་ལམ་བྱེད་སྟང་ཤེས་པ། དེ་འདྲ་ཞིག་ལ་གོ་ཡ་རེད་འདུག་ཨ། བྱས་ཙང་གང་ལྟར་ང་རང་ཚོས་ནམ་རྒྱུན་ Inteligent སྤྱང་པོའམ་གྲུང་པོ་ལབ་ཡ་དེ་ལ་རིགས་གཉིས། ད་གང་ལྟར་ Inteligent ཡིན་ན་ཡང་འདྲ་ Emotional Inteligent ཡིན་ན་ཡང་འདྲ་འདི་གཉིས་ཀས་དོ་སྣང་བྱེད་ས་གཙོ་བོ་འདི་ནང་སེམས་ཀྱི་འཇིག་རྟེན་མ་ཡིན་པར། ཕྱི་དངོས་པོའི་འཇིག་རྟེན་གཅིག་ཆགས་བསྡད་ཡོད། གཙོ་བོ་དངོས་པོའི་འགྲོ་སྟངས་ལ་ཞིབ་འཇུག་བྱེེད་ཡ་དང་། དངོས་ཡུལ་དུ་ཡོད་པའི་དཀའ་ངལ་སེལ་ཡ་དེ་འདྲ་ཞིག་ཆགས་ཡོད། དཔེར་ན་ཆ་བཞག་པ་ཡིན་ན་ཚན་རིག་པས་འཇིག་རྟེན་ཁམས་ལ་ཞིབ་འཇུག་བྱེད་ཡ་དང་། སྨན་པ་འདི་ཚོས་ནད་གཞི་བཅོས་ཐབས་བྱེད་ཡ། འདི་ཚོ་ཚང་མ་ལ་གཙོ་བོ་རྒྱུ་མཚན་དང་། ཤེས་བྱ་དང་། ཉམས་མྱོང་འདི་ཚོ་ལ་བརྟེན་ནས་ཡོང་བསྡད་ཀྱི་རེད་འདུག་ཨ། ཡིན་ན་ཡང་ང་རང་ཚོ་ནང་པ་སངས་རྒྱས་པའི་གསུང་བསྡད་ཡ་ཤེས་རབ་ཤེས་རབ་ཟེར་ཡ་དེ། འདི་ཚོ་དང་ཏོག་ཙམ་འདྲ་གི་ཡོད་ས་མ་རེད། ཤེས་རབ་ཀྱི་དོ་སྣང་བྱེད་ས་འདི་གོང་དུ་དཔལ་ལྡན་དུས་གསུམ་མཁྱེན་པས་གསུངས་འདུག་ཨ། ཤེས་རབ་ཟེར་ཡ་ཅི་ཐོད་ཀྱི་ཤེས་རབ་ཀྱི་འགྲིག་མ་རེད། ཤེས་རབ་ཟེར་ཡ་གང་འདྲ་ཞིག་དགོས་རེད་ཟེར་ན། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དེ་ཡང་ཉོན་མོངས་པའི་གཉེན་པོར་འགྲོ་ཐུབ་པ་ཞིག་དགོས་ཀྱི་རེད་ཅེས་གསུངས་སོང་ཨ། ཤེས་རབ་ཀྱི་དོ་སྣང་བྱེད་ས་གཙོ་བོ་སོ་སོ་རང་ཉིད་དང་འཇིག་རྟེན་གྱི་འབྲེལ་བ་དེ་འདྲ་ཞིག་རེད་འདུག་ཨ། བྱས་ཙང་འདིས་ག་རེ་མཚོན་གྱི་ཡོད་རེད་ལབ་ན། ཤེས་རབ་ཀྱིས་འཚོལ་ཞིབ་བྱེད་ཡ་འདི་སོ་སོའི་མི་ཚེ་གཞི་རྩའི་གནས་དོན་ག་རེ་ཡིན་པ། དཔེར་ན་ང་རང་ཚོ་ཅིའི་ཕྱིར་དུ་འཚོ་དགོས་པ། མི་ཚེ་དོན་སྙིང་ག་རེ་ཡིན་པ། གསོན་པོར་གནས་པའི་རྒྱུ་མཚན་འདྲ་བོ་གཅིག་ག་རེ་རེད་ཟེར་ཡ་འདྲ་བོ། དགེ་བ་སྡིག་པ་ག་རེ་རེད་ཟེར་ཡ་འདྲ་བོ་དང་། དེ་ག་ནང་བཞིན་ང་ཚོས་དོན་དུ་གཉེར་འོས་པ་ག་རེ་རེད། དོན་དུ་གཉེར་མི་འོས་པ་ག་རེ་རེད། འདི་ཚོའི་གནད་དོན་རེད་འདུག་ཨ། བྱས་ཙང་ཤེས་རབ་ཟེར་ཡ་འདི་ཤེས་ཡོན་དང་། རྒྱུ་མཚན་དང་། རིག་པ་འབའ་ཞིག་བརྟེན་ནས་སྐྱེ་པ་མ་ཡིན་པ་ཁ་ནང་དུ་བསྐོར་བཅས་ནས། སོ་སོའི་ལུས་སེམས་ཀྱི་རང་བཞིན་ག་རེ་ཡིན་པ་འཚོལ་ཞིབ་བྱེད་ཡ་དང་། ནང་གི་ཉམས་མྱོང་ལ་བརྟེན་ནས་སྐྱེས་དགོས་ཡ་ཅིག་ཆགས་བསྡད་འདུག་ཨ། དེ་འདྲ་ཡིན་དུས་མདོར་བསྡུས་ནས་བཤད་ན་སྤྱང་པོ་དང་གྲུང་པོ་ཟེར་ཡ་འདི་གཙོ་བོ་ཤེས་ཡོན་ཡོད་མེད་དང་། རྒྱུ་མཚན་ཡོད་མེད་དང་། དེ་ག་ནང་བཞིན་ (Reaction) ཟེར་དགོས་མ་རེད་བས། དེ་འདྲ་གཅིག་ལ་རག་ལས་བསྡད་པ་གཅིག་རེད་འདུག་ཨ། ལེགས་བྱས་ཆེན་པོ་ཡོད་མེད་དང་། དེ་ག་ནང་བཞིན་དུས་ཡུན་ཐུང་ངུ་གཅིག་གི་ནང་ལོགས་ལ་དམིགས་ཡུལ་སྒྲུབ་ཡ་ཟེར་ཡ་དེ་རེད་འདུག །མདོར་ན་སྤྱང་པོ་དང་གྲུང་པོ་ཟེར་ཡ་འདིའི་སྡོམ་འདྲ་རྒྱབ་ན། ལས་ག་འདི་མགྱོགས་པོ་དང་སྤུས་དག་པོ་ཞིག་གང་འདྲ་བྱེད་ནས་སྒྲུབ་ཐུབ་ཀྱི་རེད་ཟེར་ནས་བསམ་བློ་གཏོང་སྟངས་གཙོ་བོ་ཡིན་བསྡད་པ་གཅིག །ཤེས་རབ་ཟེར་ཡ་གང་འདྲ་ཞིག་ཟེར་ན་གཙོ་བོ་སོ་སོའི་ཉམས་མྱོང་ལ་རག་ལས་བསྡད་པ་གཅིག །ཤེས་ཡོན་དགོས་ཏ་དགོས་ཀྱི་རེད་དེ་ཡིན་ཡང་གཙོ་བོ་སོ་སོའི་ཉམས་མྱོང་ལ་རགས་ལས་བསྡད་པ་ཞིག །ཁ་ནང་དུ་བསྐོར་ཡ་འདི་གལ་ཆེན་པོ་ཡིན་པ། ཁ་ཕྱི་ལ་མ་བལྟ་བཅས་ཁ་ནང་དུ་སྐོར་ཡ་འདི་གལ་ཆེན་པོ་ཡིན་པ། ནང་སེམས་ཀྱི་བཀོད་བསྒྲིག་བྱེད་ཡ་འདི་གལ་ཆེན་པོ་ཡིན་པ། ཕུགས་རྒྱང་རིང་པོའི་དོན་དག་དང་སྙིང་པོ་ལ་བསམ་བློ་གཏོང་ཡ་གལ་ཆེན་པོ་ཡིན་པ། སྤྱི་ཡོངས་ཀྱི་ཕན་བདེ་སྒྲུབ་ཡ་འདི་གལ་ཆེན་པོ་ཡིན་པ་དེ་འདྲ་བསམ་བློ་གཏོང་ཡ་ཞིག་རེད་འདུག་ཨ། བྱས་ཙང་ཤེས་རབ་ཟེར་ཡ་འདི་རྡོག་རྡོག་བཤད་པ་ཡིན་ན། ང་ཚོ་ག་རེ་ཆེད་དུ་ལས་ཀ་བྱེད་ཡོད་རེད་བསམ་བློ་གཏོང་ཡ་དང་། ཡང་ན་ང་ཚོས་ལས་ཀ་གང་འདྲ་ཞིག་བྱེད་པ་ཡིན་ན་ཡག་ག་ཡོད་རེད་ཟེར་ཡ་འདྲ་བོ་བསམ་བློ་གཏོང་སྟངས་ཞིག་རེད་འདུག་ཨ། དཔེ་མཚོན་འདྲ་བོ་གཅིག་བཤད་པ་ཡིན་ན། གལ་སྲིད་ང་རང་ཚོའི་མི་ཚེ་འདི་ས་ཐག་རིང་པོ་ཞིག་ལ་འགྲུལ་བཞུད་བྱེད་པའི་དབང་དུ་སྟངས་པ་ཡིན་ན། སྤྱང་པོ་དང་གྲུང་པོ་གཉིས་ཀྱི་ལས་ཀ་ག་རེད་བྱེད་ཀྱིས་ཡོད་རེད་ཟེར་ན། སྤྱང་པོ་ཡོད་པ་གྲུང་པོ་ཡོད་པ་གཉིས་ཀྱི་ག་རེ་ཕན་ཀྱི་ཡོད་རེད་ལབ་ན། ང་ཚོ་ས་ཐག་རིང་པོ་ལ་འགྲོ་ཡོང་དུས་ཙ་ནས་དེ་ལ་མཁོ་བའི་ས་ཁྲ་ཡག་པོ་གྲ་སྒྲིག་བྱེད་ཡ་དང་། དེ་ག་ནང་བཞིན་ས་ཐག་རིང་པོ་ལ་འགྲོ་ཡོང་དུས་ཙ་ནས་འཚོ་བའི་ཡོ་བྱད་མཐུན་རྐྱེན་འདི་ཚོ་སྤུས་དག་པོ་དང་ཡག་པོ་གྲ་སྒྲིག་བྱེད་ཡ་འདྲ་བོ། དེ་ག་ནང་བཞིན་འགྲོ་སའི་ལམ་ག་འདི་བདེ་ཤོས་གཅིག་དང་། བདེ་འཇག་ཆེ་ཤོས་འདྲ་བོ་ག་རེ་ཡིན་པ་འཚོལ་རོགས་བྱེད་ཡ་དེ་འདྲ་ལ་ཕན་ཐོགས་གི་རེད།
ད་ཤེས་རབ་ཀྱི་ང་ཚོ་ལ་ག་རེ་ལ་ཕན་ཐོགས་ཀྱི་རེད་ལབ་ན། ཤེས་རབ་ཀྱིས་ག་རེ་བསམ་བློ་གཏོང་གི་རེད་ཟེར། ད་ང་ཚོ་ས་ཐག་རིང་པོ་ཞིག་ལ་འགྲོ་དགོས་པ་ཡོད་པ་ཡིན་ན། དང་པོ་དེ་ལ་ཤེས་རབ་ཀྱི་ང་ཚོ་ག་རེ་ཆེད་དུ་ས་ཐག་རིང་པོ་དེ་ལ་འགྲོ་དགོས་ཀྱི་ཡོད་རེད། དགོས་པ་གང་རེད་རྒྱུ་མཚན་གང་རེད། དེ་ག་ནང་བཞིན་ལམ་ག་གང་འདྲ་ཞིག་འདམ་ག་རྒྱབ་དགོས་ཀྱི་ཡིན་པ། གལ་སྲིད་ལམ་ནོར་ཐེབས་པ་ཡིན་ན་ཡང་ད་དུང་སེམས་ཞི་བར་གནས་ཡ་དང་། སེམས་བརྟན་པོར་གནས་ཡ་ཕན་ཐོགས་ཡོང་ཡ་ཡོད་པ། དེ་འདྲ་ཡིན་དུས་ཙ་ནས། འདི་རྒྱུ་མཚན་ལ་བརྟེན་ནས་ཤེས་རབ་ཟེར་ཡ་འདི་ལག་ཆ་ལྟ་བུའི་ནུས་པ་ཞིག་མ་ཡིན་པར། ང་རང་ཚོའི་མི་ཚེའི་གཞི་རྩའི་གནད་དོན་ཐག་གཅོད་བྱེད་ཡ་ཟེར་ན་ཡང་། གཞི་རྩའི་གནད་དོན་ག་རེ་ཡིན་པ་འདི་ཚོ་ཤེས་རྟོགས་ཡོང་ཡ་དང་། དེ་ག་ནང་བཞིན་ང་ཚོའི་མི་ཚེའི་འཚོ་བ་སྐྱེལ་སྟངས་འདི་གང་འདྲ་ཞིག་སྐྱེལ་པ་ཡིན་ན་དོན་དང་ལྡན་པ་ཡོང་གི་ཡོད་པ་འདི་ཚོའི་སྐོར་ལ་བསམ་བློ་བཏང་དགོས་ཡ་དེ་འདྲ་རེད་འདུག་ཨ།
དེ་ཡ་རྒྱ་ནག་གི་བསམ་གཏན་པའི་ཆོས་བརྒྱུད་ནང་ལོགས་ལ་སྒྲུང་དེ་འདྲ་ཞིག་འདུག གཅིག་བྱས་ན་སྒྲུང་འདི་ང་ཚོ་ལ་ཕན་ཐོགས་ས་རེད་བསམ་བསམ་ཞིག་འདུག དེ་སྒྲུང་འདི་ག་རེ་རེད་ཟེར་ན། ཐེངས་གཅིག་ལ་ཡ་མཁས་དབང་ཞེ་དྲག་གི་ཐོས་རྒྱ་ཆེན་པོ་ཡོད་བསྡད་པ་དེ་འདྲའི་མཁས་དབང་གཅིག་ཁོང་གྲུ་ལ་བསྡད་བཅས་ནས་ཆུ་བརྒལ་ཕྱིན་པ་རེད། ཆུ་བརྒལ་འགྲོ་དུས་ཙ་ནས་དེ་དུས་གྲུ་གཏོང་མཁན་གྲུ་པ་དེ་ལ་སྐད་ཆ་འདྲི་པ་རེད་ཟེར། རྩོམ་རྒྱབ་ཡ་རྩོམ་རིག་གི་ཤེས་བྱ་འདི་ཚོ་ཤེས་ཀྱིས་ཡོད་པས་ཅེས་འདྲིས་པ་རེད། གྲུ་པ་འདིས་ངེད་ཤེས་ཀྱིས་མེད་ཅེས་ལབ་པ་རེད། མཁས་དབང་དེས་ཡང་བསྐྱར་ཁྱོད་རང་གིས་ལོ་རྒྱུས་ཤེས་ཡོད་པས་ཅེས་འདྲི་བ་རེད། གྲུ་པས་དེ་མགོ་ཡུག་ཡུག་བྱེད་ནས་ལོ་རྒྱུས་ཡང་ཤེས་ཀྱིས་མེད། མཁས་དབང་དེས་རྩིས་ཤེས་ཀྱིས་ཡོད་པས་དེ་ཡང་ཤེས་ཀྱིས་མེད་ཅེས་ལབ་པ་རེད། དེ་འདྲ་ཡིན་ན་མཚན་ཉིད་རིག་པ་ང་ཚོ་ནང་པས་སྐད་ཆ་བཤད་པ་ཡིན་ན་ནང་དོན་རིག་པ་ཤེས་ཀྱིས་ཡོད་པས་ཅེས་འདྲི་བ་རེད་དེ་ཡང་མགོ་ཡུག་ཡུག་བྱེད་ནས་ཤེས་ཀྱི་མེད་ཅེས་ལན་བཏབ་པ། མཁས་དབང་དེ་དབུགས་རིང་ཞིག་བཏང་རྗེས་ད་དེ་འདྲ་ཡིན་པ་ཡིན་ན་ཁྱོད་རང་ལ་མི་ཚེ་དོན་སྙིང་ཕྱེད་ཀ་བརླག་ཚར་བ་རེད་ཅེས་ལབ་པ་རེད། མི་ཚེ་ཕྱེད་ཀ་ཆོ་མེད་པ་ཆགས་ཚར་བ་རེད་ཅེས་ལབ་པ་རེད། དེ་འདྲ་གཅིག་ལ་བློ་བུར་དུ་རླུང་དྲག་པོ་ཅིག་ལང་། གྲུ་འདི་ཆུང་ཆུང་ཞིག་མ་གཏོགས་མེད་པས་གྲུ་འདི་ལོག་གྲབ་བྱེད་པ་རེད། སྐབས་དེར་གྲུ་པས་མཁས་དབང་ལ་སྐད་ཆ་འདྲི་པ་རེད་ཟེར། ཁྱོད་རང་གི་ཆུ་རྐྱལ་བརྒྱག་ཤེས་ཀྱི་ཡོད་པས་ཅེས་འདྲིས་པ་རེད། མཁས་དབང་དེ་སྐྲག་ཐག་ཆོད་ནས་ངེད་ཤེས་ཀྱི་མེད་ཤེས་ཀྱི་མེད་ཟེར་ལབ་པ་རེད། དེ་དུས་གྲུ་པ་དེས་དེ་འདྲ་ཡིན་ན་ཁྱོད་རང་གི་མི་ཚེ་གང་ཚང་བརླག་འགྲོ་ཡ་ཉེན་ཁ་ཡོད་རེད་ཅེས་ལབ་པ་རེད། བྱས་ཙང་སྒྲུང་འདི་ནང་ལོགས་ལ་ང་ཚོའི་ག་རེ་མཁས་དབང་དེ་སྒྲུང་པོ་ཡོད་པ་རིག་པ་རྣོན་པོ་ཡོད་པ་ཞིག་མཚོན་རྟགས་ཞིག་ཆགས་ཀྱི་ཡོད་རེད། གང་ཡིན་ཟེར་ན་ཁོང་ལ་ཤེས་ཡོན་ཕུན་སུམ་ཚོགས་པ་ཡོད་པ་ཡིན་དུས་ཙ་ནས། རིག་པ་རྣོན་པོ་ཡོད་སྤྱང་སྒྲུང་འཛོམས་པོ་ཡོད་པ་དེ་འདྲའི་དཔེ་མཚོན་གཅིག་ཆགས་ཡོད་རེད། གྲུ་པ་དེ་ཤེས་རབ་ཀྱི་དཔེ་མཚོན་ཆགས་ཀྱི་ཡོད་རེད། ག་རེ་རེད་ཟེར་གནས་སྟངས་ངོ་མའི་ནང་ལ་དཀའ་ངལ་བྱུང་བའི་སྐབས་ལ་གནད་འགག་བྱུང་བའི་སྐབས་ལ་ཚེ་སྲོག་སྲུང་སྐྱོབ་བྱེད་ཡ་ནུས་པ་དེ་ཁོང་ལ་ཡོད་རེད་བ།
དེ་འདྲ་ཡིན་དུས་ཤེས་རབ་ཟེར་ཡ་འདི་ང་ཚོའི་བསམ་བློའི་ནང་ལོ་ཤེས་ཡོན་མང་པོ་སྤུང་པའམ་ཤེས་བྱའི་ཡོན་ཏན་མང་པོ་འཛོམས་བཞག་པ་གཅིག་ལ་ཡ་ཤེས་རབ་ཟེར་གྱི་མ་རེད། ཤེས་རབ་ཟེར་ཡ་འདི་དངོས་གནས་དྲང་གནས་དཀའ་ངལ་ཞིག་གནད་འགག་ལ་ཐུག་ཡོངས་དུས་ཙ་ནས། གང་དེ་དངོས་གནས་གལ་ཆེན་པོ་ཡིན་པ་ང་ཚོ་ལ་ཕན་ཐོགས་ཡོད་པ་དེ་ངོ་ཤེས་པ་བྱེད་ཡ་ཅིག་ལ་ཤེས་རབ་ཟེར་དེ་འདྲ་ཅིག་དགོས་རེད། ནམ་རྒྱུན་ཁ་རྒྱག་པ་བཤད་མགོ་སྒྲུང་པོ་ཁྲབ་བསྡད་ཡ་འདི་གནད་འགག་ལ་ཐུག་ཡོང་དུས་ཕན་ཐོགས་ཀྱི་མ་རེད་བ། གནད་འགག་ལ་ཐུག་དུས་ཙ་ནས་དངོས་ནས་དྲང་ནས་སོ་སོ་ལ་དགོས་ཡ་ག་རེ་ཡིན་པ། ཕན་ཐོགས་ཡ་ག་རེ་ཡིན་པ་འདི་ཚོ་ཐག་གཅོད་ཐུབ་པ་ཞིག་དགོས་ཀྱི་རེད་བ། ཤེས་རབ་ཀྱི་ང་ཚོའི་མི་ཚེ་ག་རེ་ཡིན་པ་ཐད་ཀར་མཛུག་གུ་བཙུགས་ཐུབ་པ་ཞིག་ཡོང་གི་ཡོད་རེད་བ། དེ་འདྲ་ཡིན་དུས་ཤེས་རབ་ཟེར་ཡ་འདི་རྒྱུ་མཚན་དང་རིགས་པ་ལས་འདས་བསྡད་པ་ཞིག་ ང་རང་ཚོའི་ཆོས་སྐུ་མཛུབ་བཙུགས་ཟེར་བ་ནང་བཞིན། རང་གི་ཚོའི་མི་ཚེའི་སྙིང་པོ་ག་རེ་ཡིན་པ་དེ་ལ་ཐད་ཀར་མཛུག་གུ་བཙུགས་ཐུབ་པ་གཅིག་དང་། མི་ཚེ་ནང་གི་གནད་འགག་ཆེ་ཤོས་ག་རེ་ཡིན་པ་དེ་ལ་ཐེད་ཀར་མཛུག་གུ་བཙུགས་ཐུབ་པ་ཞིག་དེ་འདྲ་བྱུང་བ་ཡིན་ན་ཤེས་རབ་ཆགས་བསྡད་ཡོད་རེད། ད་ཤེས་རབ་དེ་ལ་ཡང་སྐྱེས་ཐོབ་ཤེས་རབ་དང་སྦྱོར་བྱུང་གི་ཤེས་རབ་དེ་འདྲ་ཡོང་བསྡད་ཀྱི་ཡོད་རེད། སྐྱེས་ཐོབ་ཀྱི་ཤེས་རབ་ཟེར་ཡ་འདི་ནམ་རྒྱུན་ང་ཚོ་དབང་པོ་རྣོ་བརྟུལ་ཟེར་ཡ་དང་འདྲ་བོ་འདྲ་བོ་ཆགས་བསྡད་ཡོད་རེད་བ། འབྲུག་པ་ཀུན་ལེགས་ཀྱི་གསུང་གཅིག་ཡོད་རེད། དེང་སང་གི་མི་འདི་ཚོ་དབང་རྟུལ་དུ་སོང་རིག་པ་རྣོ་རུ་སོང་དེ་འདྲ་གསུང་འདུག་ཨ། ཟུར་ཟ་འདྲ་བོ་གནང་བཅས་དེང་སང་གི་མི་འདི་ཚོ་ཕྱོགས་གཅིག་ནས་རིག་པ་རྣོ་རུ་འགྲོ་སྡོད་ཀྱི་ཡོད་རེད་དེ། ཡིན་ན་ཡང་དབང་པོ་རྟུལ་དུ་ཕྱིན་ཡོད་རེད་ཟེར་གསུངས་འདུག་ཨ། དབང་པོ་རྣོ་རྟུལ་ཟེར་ཡ་དང་སྐྱེས་ཐོབ་ཀྱི་ཤེས་རབ་ཟེར་ཡ་འདི་རེད་འདུག་ཨ། དེ་དང་འབྲེལ་བ་འདྲ་བོ་གཅིག་ཆགས་བསྡད་འདུག་ཨ། དཔེར་ན་མི་ཁ་ཤས་སྐྱེས་དུས་ནས་དབང་པོ་རྣོན་པོ་ཡོད་པ་ཤེས་རབ་ཆེན་པོ་ཡོད་པ་བསྡད་པ། མི་ཁ་ཤས་སྐྱེ་དུས་ནས་ལྐུགས་པ་འདྲ་བོ་ཤེས་རབ་ཞེ་དྲག་མེད་བསྡད་མཁན་དེ་འདྲ་ཡོང་བསྡད་ཀྱི་འདུག་ཨ།
ད་སྐབས་འདི་ལ་དབང་པོ་རྣོན་པོ་ཟེར་ཡ་འདི་ང་ཚོ་མང་པོ་གཅིག་བསམ་བློ་ནང་ལོགས་ལ་མཁས་པ་འདྲ་བོ་གཅིག་དང་སྒྲུང་པོ་འདྲ་བོ་གཅིག་དང་རིགས་པ་རྣོན་པོ་འདྲ་བོ་དེ་འདྲ་གཅིག་ལ་གོ་བ་ལེན་ཡ་འདི་ཕལ་ཆེར་ཏག་ཏག་བསྡད་ཀྱི་ཡོད་ས་མ་རེད། དབང་པོ་རྣོན་པོ་ཟེར་ཡ་འདི་གཙོ་བོ་གནས་ལུགས་རྟོགས་ཡ་དང་། གནད་འགག་ལ་ཐུག་དུས་གནད་འགག་ངོ་མ་དེ་རྟོགས་ཐུབ་ཡ་ནུས་པ་ཡོད་མཁན་ཞིག་ལ་གོ་བ་ཡིན་པ་འདྲ། དེ་འདྲ་བའི་གནས་ལུགས་རྟོགས་པའི་རྟོགས་པ་དེ་རྒྱུ་མཚན་དང་རིགས་པ་ལས་འདས་པ་ཞིག དངོས་པོ་ཁོ་རང་རྗེན་གཅེར་ལྟ་ཐུབ་མཁན་ཞིག་དང་། དངོས་པོ་ཁོ་རང་གི་རང་བཞིན་ངོ་མ་མཐོང་ཐུབ་ཡ་ནུས་པ་ཞིག་དགོས་ཀྱི་འདུག་ཨ། རྒྱུ་མཚན་དང་རིག་པ་བསམ་བློ་གཏོང་ཡ་དེ་འདྲ་གཅིག་པུ་རེད་མིན་འདུག དེ་འདྲ་ཡིན་དུས་ཤེས་ཡོན་སློབ་སྦྱོང་མང་པོ་བྱས་རིག་པ་དང་རྒྱུ་མཚན་གཏོང་ཡ་འདྲ་བོ་གཅིག་ལ་གོ་ཡ་མིན་འདུག་ཨ། རྟོགས་པ་ཟེར་ཡ་འདི་ནང་སེམས་ལ་ཡ་ག་རེ་ཡིན་ན་ཡང་རྗེན་གཅེར་གསལ་པོ་ཆགས་ཡ་འདྲ་བོ་བློ་སྒོ་ཕྱེ་ཡ་འདྲ་བོ་དེ་འདྲའི་གནས་སྟངས་གོ་ཡ་རེད་འདུག་ཨ། དེ་འདྲ་ཡིན་དུས་ང་རང་ཚོས་གནས་ལུགས་རྟོགས་རྟོགས་ཟེར་འདི་ཡང་། སྟོང་པ་ཉིད་འདྲ་བོ་གཅིག་ཡིན་ན་ཡུལ་དང་ཡུལ་ཅན་མ་གྲོས་བསམ་གཅིག་མཐུན་གྱི་བཟོ་འདྲ་བོ་ཅིག་ཆགས་ཡ་དེ་འདྲ་རེད་འདུག་ཨ། དེ་གང་འདྲ་ཞིག་རེད་ཟེར་ལབ་ན་ང་རང་ཚོ་མཚམས་མཚམས་གདམས་ངག་པ་ཚོའི་འོད་གསལ་མ་བུ་ངོ་ཕྲོད་པ་ཞེས་པའི་སྐད་ཆ་བཤད་ཡ་ཡོད་རེད་བ། དེ་ལ་གོ་རྒྱུ་ཆེན་པོ་ཞིག་འདུག་དྲན་གྱི་འདུག ། ག་རེ་རེད་ཟེར་ན་ཨ་མ་དང་སྤུ་གུ་འདྲ་གཅིག་ཡིན་ན། སྤུ་གུ་དེ་སྐྱེས་ནས་བཟུང་ཨ་མ་དང་མཉམ་དུ་ཚར་ལོང་བྱུང་བསྡད་པ་ཡིན་དུས་ཙ་ནས། ཨ་མ་དང་དེ་དང་སྤུ་གུ་དེ་གཉིས་དཀྱིལ་མ་ལ་གཞན་དང་མི་འདྲ་བའི་རང་བཞིན་གྱི་སེམས་ཁ་མཐུན་པོ་འདྲ་བོ་གཅིག་ཡོང་གི་ཡོད་རེད་བ། བྱས་ཙང་གནས་ཚུལ་མང་པོ་ཞིག་ལ་ཨ་མ་འདིའི་ཁ་ནས་བཤད་མ་དགོས་པ། སྤུ་གུ་དེ་གི་ཁ་ནས་ཡང་བཤད་མ་དགོས་པར་གཅིག་གི་གཅིག་ལ་ག་རེ་བསམ་བློ་གཏོང་གིས་ཡོད་པ་གཅིག་གི་གཅིག་ལ་ག་རེ་དགོས་ཀྱི་ཡོད་པ་ཤེས་ཡོང་གི་ཡོད་རེད། ཁ་ནས་མ་ཤད་ན་ཡང་རང་བཞིན་གྱི་རྒྱུས་ཡོད་པ་གཅིག་དང་ཕན་ཚུན་གཅིག་གི་གཅག་སེམས་ཁ་མཐུན་པོ་ཡོད་པ་ཡིན་ཙང་། དེའི་རང་བཞིན་གྱི་ཁ་ནས་མ་ཤད་ན་ཡང་ཧ་གོ་ཡོང་གི་ཡོད་རེད། འོ་དེ་ག་ནང་བཞིན་གྱི་ཕ་དང་མ་དང་སྤུ་གུའི་བར་གྱི་གནས་ཚུལ་མང་པོ་ཅིག་རང་བཞིན་ཤེས་ཡོང་ཡ་ཅིག་དང་། ཐད་ཀར་ཤེས་ཡོང་ཡ་ཞིག་དེ་ཡང་ཚིག་དང་བརྗོད་པ་ལ་མ་ལྟོས་མ་དགོས་པར་སེམས་ལ་རང་བཞིན་གྱི་འཆར་ཐུབ་པ་ཞིག་ཡོངས་ཀྱི་འདུག་ཨ། འོ་ད་འདི་ཚོ་ལ་ནམ་རྒྱུན་ང་ཚོས་འོད་གསལ་མ་བུ་ཕྲད་ཟེར་ཡ་འདི་ཚོ་དེ་འདྲ་དེ་འདྲ་ལ་གོ་ཡ་མིན་འགྲོ་བསམ་བསམ་འདུག་ཨ།
དཔེར་ན་ཆ་བཞག་པ་ཡིན་ན་རྒྱ་ནག་པའི་བསམ་གཏན་པའི་ཆོས་ལུགས་ཟེར་ཡ་འདི་རྒྱ་ནག་གཅིག་པུ་མ་རེད། ཇ་པཱན་རེད། ཀོ་ར་ཡ་རེད། ཝེཏ་ནམ་རེད་ཚང་མ་ལོགས་ལ་ཁྱབ་སྤེལ་ཆེན་པོ་ཡོད་བསྡད་པའི་བརྒྱུད་པ་ཞིག་རེད། འདི་བརྒྱུད་པའི་ནང་གི་བླ་མ་གོང་མ་འགའ་ཤས་དྲངས་ཡ་ཡོད་རེད། དེའི་ནང་གི་རྒྱུན་འཛིན་དྲུག་པ་ཁུའི་ནང་ཟེར་ཡ་འདི་སྐད་གྲགས་ཆེན་པོ་ཞེད་པོ་རེད། ཡིན་ན་ཡང་ཁོང་གི་ཡི་གེ་ཀློག་ཤེས་ཀྱིས་ཡོད་མ་རེད། ཡིག་རྨོང་གཅིག་ཆགས་ཡོད་རེད། ཡི་གེ་ཀློག་ཤེས་ཀྱི་ཡོད་མ་རེད་དེ་ཡིན་ན་ཡང་རྩོད་མེད་དུ་ཀུན་གྱི་ཁས་ལེན་པའི་བསམ་གྱིས་མི་ཁྱབ་པའི་གྲུབ་ཐོབ་ལབ་ན་ཡང་འདྲ་སྐྱེས་བུ་དམ་པ་ཞིག་ཆགས་བསྡད་ཡོད་རེད། ཡིན་ན་ཡང་ཕྱི་ལོག་ནས་བལྟ་ནས་ཁོང་མཁས་དབང་ཡིན་པའིི་བཟོ་ཏ་དང་མཁས་དབང་ཡིན་པའི་རྣམ་པ་དེ་འདྲ་ཡོད་མ་རེད་ཁོང་གི་ཡི་གེ་ཡང་ཀློག་ཤེས་ཀྱི་ཡོད་མ་རེད། དེ་ཁོང་གི་བླ་མ་བསམ་གཏན་བླ་མའི་བརྒྱུད་པ་ལྔ་པ་དེ་ཆགས་རེད། དེའི་ཁོ་རང་གཅིག་པུ་གཟིམས་ཆུང་དུ་སྐད་བཏང་ནས་ནམ་ཕྱེད་ཐོ་རངས་གི་སྐབས་རྡོ་རྗེ་གཅོད་པའི་ནང་གི་ཚིག་ཅི་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ་ཞེས་པ་གསུངས་སྐབས་ཁོང་རྟོགས་པ་མངོན་དུ་གྱུར་བ་རེད་ཟེར། བྱས་ཙང་ད་དེ་ལ་བལྟ་ཡོངས་དུས་གནས་ལུགས་རྟོགས་ཡ་དེ་ལ་དབང་པོ་རྣོན་པོ་ཟེར་ཡ་དང་ཤེས་རབ་ཟེར་ཡ་ཡིན་ཅིག་མིན་གཉིས་མཁས་པ་ཡིན་དགོས་པ་དང་སློབ་སྦྱོང་བྱེད་དགོས་ཡ་མེད་པའི་དེ་འདྲ་བཟོ་ཅིག་འདུག་ཨ། སྐྱེས་ཐོབ་ཀྱི་ཤེས་རབ་ཤུགས་ཆེན་པོ་ཡོད་པ་ཡིན་ན་རང་བཞིན་གྱི་གནས་ལུགས་རྟོགས་ཡ་ནུས་པ་ཤུགས་ཆེན་པོ་ཡོད་པ་ཡིན་ན། ཁོ་རང་གནས་ལུགས་རྟོགས་ཐུབ་ཡ་ཡོང་གི་འདུག་ཨ། བྱས་ཙང་དྲྭ་ལམ་གྱི་ལོགས་ལ་ཚིག་དེ་འདྲ་ཞིག་ཡོད་རེད་ཟེར། སྤྱང་སྒྲུང་ལྡན་པའི་མི་གཅིག་དང་ཐུག་པ་ཡིན་ན་ང་ཚོའི་ག་རེ་དྲན་གྱིས་རེད་ལབ་ན། ཁོ་ངོ་ནས་སྒྲུང་པོ་ཞེད་པུ་ཅིག་འདུག་ཧ་ལས་པའི་སྒྲུང་པོ་གཅིག་འདུག་བསམ་གྱི་རེད་ཟེར། རྟོགས་པ་དང་ལྡན་པའི་མི་ཞིག་ལབ་དགོས་མ་རེད་བས། ཤེས་རབ་ཅན་གྱི་མི་ཞིག་དང་ཐུག་པ་ཡིན་ན་ང་ཚོའི་ག་རེ་དྲན་གྱི་རེད་ཟེར་ན་། འོ་ད་བྱེད་དུས་དེ་འདྲ་ཡིན་པ་རེད་བསམ་བསམ་འདྲ་ཅིག་ངེད་སྔོན་མ་བསམ་བློ་གཏོང་ཡ་ཚང་མ་ཏག་ཏག་བསྡད་མིན་འདུག །ང་ཚོ་ཧ་ལས་བཅུག་ཡ་དེ་འདྲ་ཡོངས་གྱི་རེད་དེ་འདྲ་བྲིས་འདུག་ཨ། ཤེསརབ་ཀྱི་སྐོར་ཞུས་ཟིན་པ་བཅས།
ད་ང་ཚོས་ཆོས་དྲུག་གི་སྐོར་མུ་མཐུད་ནས་བཤད་ཡ་དེ་འདྲ་ཡིན། དེ་ལ་ཡ་ཆོས་རྗེ་དུས་གསུམ་མཁྱེན་པས་བླ་ན་མེད་པའི་གོ་འཕང་ཐོབ་པར་བྱེད་པ་ལ་ཆོས་དྲུག་དགོས་རེད་གསུངས་པ་རེད། ཆོས་དྲུག་གི་ནང་ནས་དང་པོ་དད་པ། གཉིས་པ་ཤེས་རབ། གསུམ་པ་སྙིང་རྗེ་གལ་ཆེན་པོ་རེད་གསུངས། དེ་ཡང་དང་པོ་དད་པ་མེད་ན་ཆོས་ལ་འཇུག་གི་མ་རེད། དོ་སྣང་ཁོ་རང་བྱེད་ཀྱི་མ་རེད། དད་པ་མེད་ན་ཆོས་ཀྱི་སྐོར་ན་སྐད་ཆ་བཤད་ས་ཁོ་་རང་ཡོད་མ་རེད། ཤེས་རབ་མེད་ན་འཁོར་བ་ལས་ཐར་ཐུབ་ཀྱི་མ་རེད། ཤེས་རབ་མེད་པ་ཡིན་ན་གནས་ལུགས་རྟོགས་ཐུབ་ཀྱི་མ་རེད། བདག་མེད་རྟོགས་ཐུབ་ཀྱི་མ་རེད། སྟོང་པ་ཉིད་རྟོགས་ཐུབ་ཀྱི་མ་རེད་བྱས་ཙང་འདི་རྒྱུ་མཚན་ལ་བརྟེན་ནས་འཁོར་བ་ལས་ཐར་ཐུབ་ཀྱི་མ་རེད། སྙིང་རྗེ་མེད་པ་ཡིན་ན་སངས་རྒྱས་གོ་འཕང་ཐོབ་ཐུབ་ཀྱི་མ་རེད། སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་གྱི་མ་རེད་ལབ་ན་ཡང་གྲིག་གི་འདུག །རྒྱུ་མཚན་ག་རེ་རེད་ལབ་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ་དེ་ཐོབ་འདོད་ཀྱི་བློ་བསྐྱེད་དགོས་རེད། དེ་ཐོབ་འདོད་ཀྱིས་བློ་དེ་ལ་བྱང་ཆུབ་ཀྱི་སེམས་ཟེར་། བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་པ་ལ་སྙིང་རྗེ་ལ་བརྟེན་ནས་སྐྱེ་དགོས། སྙིང་རྗེ་མེད་ན་མེད་ཐབས་མེད་པ་དེ་འདྲ་ཡིན། དེ་རྒྱུ་མཚན་ལ་བརྟེན་ནས་ཐེག་པ་ཆེན་པོའི་མདོ་སྡེ་འདི་ཚོའི་ནང་། སྙིང་རྗེ་འདི་གལ་ཆེན་པོ་ཡིན་པ་ཡང་ནས་ཡང་དུ་གསུང་ཡོད་རེད། ད་ལྟ་དུས་གསུམ་མཁྱེན་པའི་ཚོགས་མཆོད་ཆོས་དྲུག་མའི་ནང་ལོགས་ལ་ཡང་། དེ་ཡང་ཤེས་རབ་ཆེན་པོ་དེ་ཡོད་ཀྱང་། །སྙིང་རྗེ་མེད་ན་མི་ཕན་པས་སྙིང་རྗེ་གལ་ཆེ། །དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང་། ཆོས་གཅིག་མཆིས་ན་ཆོས་ཐམས་ཅད་དེའི་ལག་མཐིལ་ན་མཆིས་པའི་ཆོས་གཅིག་ཡོད་དེ། གང་ལགས་ཞུ་ན་སྙིང་རྗེ་ཆེན་པོའོ་ཞེས་གསུངས། །གང་ལ་མགོ་བོ་མཆིས་པ་དེ་ལ་འཚོ་བ་མཆིས་སོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་པ་དེ་ལ་བླ་ན་མེད་པའི་བྱང་ཆུབ་ཆེན་པ་མཆིས་སོ། །མདོ་ཏིང་འཛིན་རྒྱལ་པོ་ལས་ཀྱང་། ཆོས་གཅིག་གིས་བླ་ན་མེད་པའི་བྱང་ཆུབ་འཐོབ་བམ་ཞུས་པས། ཆོས་གཅིག་ཡོད་ན་བླ་ན་མེད་པའི་སངས་རྒྱས་ཡོད་དེ། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ་ཞེས་གསུངས། ད་ང་རང་ཚོ་མི་འདི་ཡན་ལག་རྐང་པ་དང་ལག་པ་ཆད་པ་ཡིན་ན་སྐྱོན་ཆགས་ཀྱི་མ་རེད་དེ་ཡིན་ན་ཡང་མགོ་ཆད་པ་ཡིན་ན་ཤི་འགྲོ་གྱི་རེད། འོ་ད་དེ་ནང་བཞིན་བྱས་ནས་ཐེག་པ་ཆེན་པོའི་ཆོས་སྒྲུབ་པ་ལ་ཡང་མགོ་འདྲ་བོ་འདི་སྙིང་རྗེ་ཆེན་པོ་ཆགས་ཡོད་རེད། ད་ལྟ་དམ་པའི་ཆོས་པདྨ་དཀར་པོའི་ལུང་འདྲེན་གནང་སོང་ཨ།
དམ་པའི་ཆོས་པདྨ་དཀར་པོ་འདི་ང་རང་ཚོ་བོད་ལ་དེ་ཙམ་འཆད་ཉན་གནང་སྲོལ་མིན་འདུག་སྟེ། ཡི་ན་ཡང་རྒྱ་ནག་དང་ཉི་ཧོང་ཇ་པཱན་འདི་ཚོ་ལ་དམ་པའི་ཆོས་པདྨ་དཀར་པོ་ཟེར་ཡ་འདི་རྩ་ཆེན་པོ་ཞེད་པོ་བརྩིས་གནང་གི་འདུག་ཨ། ད་དེ་དང་མདོ་ཏིང་འཛིན་རྒྱལ་པོ་འདི་ནམ་རྒྱུན་དྭགས་པོ་རིན་པོ་ཆེས་མདོ་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་འདི་བསྟན་ཡ་མདོ་ཁུངས་གཙོ་བོ་འདི་ཏིང་འཛིན་རྒྱལ་པོའི་མདོ་ཡིན་པ་བཀའ་བརྒྱུད་པའི་བླ་མ་གོང་མ་རྣམས་པས་གསུངས་ཀྱིས་འདུག་ཨ། བྱས་ཙང་དམ་ཆོས་པད་དཀར་དང་ཏིང་འཛིན་རྒྱལ་པོའི་མདོ་གཉིས་པོ་དེ་ཞེ་དྲག་གལ་ཆེན་པོ་ཡིན་འགྲོ། ཀརྨ་པ་སྐུ་ཕྲེང་བཅུ་པ་རྗེ་ཆོས་དབྱིངས་རྡོ་རྗེ་སྔ་མ་བྱང་དང་བྱེ་ཐང་འདི་ཚོ་ལ་ཕེབས་པའི་སྐབས་ལ་མདོ་སྡེ་པད་དཀར་དང་མདོ་ཏིང་འཛིན་རྒྱལ་པོ་སོགས་འཆད་ཉད་གནང་བའི་རྣམ་ཐར་འདུག་ཨ། སྤྱིར་བཏང་ཐེག་ཆེན་གྱི་མདོ་ལ་རྒྱལ་བའི་ཡུམ་ལ་སོགས་པ། ཉན་ཐོས་ཀྱི་ཐེག་པ་དང་ཐེག་ཐུན་མོང་དང་སྒོ་བསྟུན་ནས་གསུང་བཞག་པའི་ཐེག་ཆེན་གྱི་མདོ་རིགས་གཅིག་ ཡང་གཙོ་བོ་ཐེག་ཆེན་རང་གི་ཁྱད་ཆོས་རྩལ་འདོན་བྱེད་པའི་ཐེག་ཆེན་རང་གི་ཐུན་མོང་མ་ཡིན་པའི་མདོ་གཅིག་སྟེ་ཐེག་ཆེན་གྱི་མདོ་ལ་རིགས་གཉིས་ཡོངས་བསྡད་ཀྱི་འདུག་ཨ། དམ་ཆོས་པད་དཀར་འདི་ཐེག་ཆེན་ཐུན་མོང་མ་ཡིན་པའི་བཞེད་པ་རྩལ་འདོན་གནང་ཡ་དེ་འདྲའི་མདོ་ཞིག་ཆགས་ཡོད་ས་ཡོད། དྭགས་པོ་ཐར་རྒྱན་འདི་ལམ་རིམ་གཞན་དང་མི་འདྲ་བའི་ཁོ་རང་ལ་ཁྱད་ཆོས་ག་རེ་ཡོད་ལབ་ན། གཙོ་བོ་མདོ་སྡེ་པད་དཀར་ལ་སོགས་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་མདོ་སྡེ་འདི་ཚོ་ལ་ཁུངས་བཅོལ་ནས་བྲིས་གནང་ཡོད་རེད་བ། དེ་ཡང་མགོ་བཙུགས་ས་དེ་ཡང་དང་པོ་བདེ་གཤེགས་སྙིང་པོ་ནས་མགོ་བཙུགས་ནས་ཁྲིད་ཀྱི་ཡོད་རེད། དེ་ག་ནང་བཞིན་མྱང་འདས་གསུང་པའི་ཁ་ཐུག་ལ་སྲིད་ཞི་གཉིས་ལ་མི་གནས་པའི་མྱང་ལས་འདས་པ་དེ་ལས་གཞན་ཉན་རང་གཉིས་ཀྱི་མྱང་འདས་འདི་ཚོ་མྱང་འདས་མཚན་ཉིད་པ་མ་ཡིན་པར་གསུངས་འདུག་ཨ། ཐེག་ཆེན་ཐུན་མོང་མ་ཡིན་པའི་རྣམ་གཞག་འདི་ཚོ་རྩལ་དུ་བཏོན་ནས་གསུང་གནང་གི་འདུག་ཨ།
ད་གོང་དུ་དུས་གསུམ་མཁྱེན་པའི་ལུང་འདྲེན་མཛད་པ་ནང་བཞིན། དམ་ཆོས་པད་དཀར་མདོའི་ནང་ལོགས་ལ་སྙིང་རྗེ་ཆེན་པོ་དེ་ཞིད་པོ་གལ་ཆེན་པོ་ཡིན། སྙིང་རྗེ་ཆེན་པོ་དེ་ཡོད་ན་དེའི་ཆོག་པ། མེད་ན་ཐབས་ཆག་པ་དེ་ཡིན། དེ་གསུངས་པའི་རྒྱུ་མཚན་གང་ཡིན་ལབ་ན། ཐེག་པ་ཆེན་པོ་ཆགས་ཡ་དེ་གཙོ་བོ་ལྟ་གྲུབ་ཀྱི་ཐོག་ཆགས་པ་མ་ཡིན་པར། འགན་ཁུར་གྱི་ནུས་པ་ཡོད་མེད་ཐོག་ནས་ཐེག་པ་ཆེན་པོ་ཆགས་པ་རེད། ད་འགན་ཁུར་གྱི་ནུས་པ་ཟེར་ཡ་གཙོ་བོ་གཞན་ཕན་གྱི་བསམ་པའམ་གཞན་གྱི་དོན་དུ་བློ་གཏོང་ནུས་པའི་བསམ་པ་གཅིག་དགོས་ཡོད་རེད། སྤྱིར་བཏང་ང་ཚོའི་འདི་མི་བཟང་པོ་གཅིག་རེད་འདི་མི་བཟང་པོ་མ་རེད་ཟེར་བཤད་ཡ་དེ་ཡང་གཙོ་བོ་ཁོ་ལ་ཤེས་ཡོན་ཡོད་མེད་དང་སློབ་སྦྱོང་ཡོད་མེད་ཐོག་ནས་མིན་པར། མི་བཟང་པོ་དེ་ཡང་གཙོ་བོ་བསམ་པ་བཟང་པོ་གཞན་ཕན་གྱི་བསམ་པ་ཡོད་མེད་གཅིག་ལ་བརྟེན་ནས་བཞག་གི་ཡོད་རེད། དཔེ་ལ་བལྟ་ནས་བརྟེན་ནས་སེམས་བསྐྱེད་ཀྱི་ཆ་ནས་ཐེག་པ་ཆེན་པོ་ཡིན་ན་ཐེག་པ་ཆེན་པོ་ཡིན་པའི་གོ་ཆོད་ཀྱི་རེད་མ་གཏོགས། ལྟ་གྲུབ་ཀྱི་ཆ་ནས་ཐེག་པ་ཆེན་པོ་ཡིན་ན་ཐེག་པ་ཆེན་པོ་ཡིན་པའི་གོ་མི་ཆོད་པ་དེ་འདྲ་རེད་འདུག་ཨ། ཡང་སྙིང་རྗེ་འདི་གལ་ཆེ་བའི་རྒྱུ་མཚན་གཞན་དག་ཅིག་ག་རེ་ཡོད་རེད་ལབ་ན། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ་ཐོག་མར་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བློ་ཞིག་བསྐྱེད་དགོས། སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བློ་ཞིག་མ་བསྐྱེད་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་མ་རེད། སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བློ་དེ་ལ་བྱང་ཆུབ་ཀྱི་སེམས་ཟེར་གྱི་ཡོད་རེད། བྱང་ཆུབ་ཀྱི་སེམས་དེ་ཡང་རང་ཉིད་གཅིག་པུ་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བློ་ཞིག་ཆགས་ཀྱི་རེད་བས་ལབ་ན་ཆགས་ཀྱི་མ་རེད། དེ་ཡང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཅི་མ་རུང་སྙམས་པའི་བསམ་པ་ཞིག ། ཕྱོགས་གཞན་ཞིག་ནས་བཤད་ནས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཡ་ཁོ་རང་ཡང་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་ཡ་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་བསམ་བསམ་དེ་འདྲ་མ་གཏོགས། སེམས་ཅན་གྱི་དོན་སྒྲུབ་ཡ་དགོས་པ་ཆེན་པོ་ཞིག་མེད་ན་སངས་རྒྱས་གོ་འཕང་བསྒྲུབ་ཡ་དམིགས་བསལ་མེད་པ་དེ་འདྲ་རེད། ཉན་རང་གི་མྱང་འདས་འདི་ཚོས་ཡང་རང་དོན་ཕུན་ཚོགས་གང་ལ་གང་མཚམས་སྒྲུབབ་ཐུབ་ཀྱི་ཡོད་རེད་བ། དེ་འདྲ་ཡིན་དུས་གནད་འགག་གཙོ་བོ་ག་བ་ཐུགས་ཡོད་རེད་ལབ་ན། ང་ཚོའི་སེམས་རྒྱུད་ལ་སེམས་ཅན་ཐམས་ཅད་ལ་བརྩེ་བའི་བསམ་པ་གཅིག་སྐྱེ་མ་སྐྱེ་དེ་ལ་ཐུགས་ཡོད། བྱས་ཙང་དྭགས་པོ་རིན་པོ་ཆེ་ཚོགས་མཆོད་ལེགས་མཛེས་མའི་ནང་ལོགས་ལ་ག་རེ་གསུངས་ཡོད་རེད་ཟེར་ན། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ་རྒྱུ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་དགོས་ཀྱི་འདུག །བྱང་ཆུབ་ཀྱི་སེམས་དེ་རྒྱུ་གང་ལ་བརྟེན་ནས་སྐྱེས་གྱི་རེད་ལབ་ན་རྒྱུ་སྙིང་རྗེ་སྒོམ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་བློ་སྦྱངས་པ་ཞིག་དགོས་རེད་ཟེར། དེ་འདྲ་བའི་སྙིང་རྗེ་དང་བྱམས་པ་གཉིས་སྒོམ་ན་བྱང་ཆུབ་ཀྱི་སེམས་མི་སྐྱེ་རང་དབང་མེད་པ་ཞིག་ཡོང་གི་རེད་ཟེར། དེ་ཡང་མདོ་སྡེ་རྒྱན་ལས། དེའི་རྩ་བ་སྙིང་རྗེ་ཡིན་གསུངས་ཡ་འདི་རེད། །ད་སྙིང་རྗེ་འདི་ཡང་ཁ་ཙམ་ཚིག་ཙམ་གྱི་སྙིང་རྗེ་མིན་པར། སྙིང་རྗེ་བཅོས་མ་མིན་པའི་སྙིང་རྗེ་བཟོད་བརླག་མེད་པ་གཅིག་སྐྱེས་དགོས་རེད། དེ་རྒྱུད་ལ་སྐྱེ་བ་ལ་སྔོན་ལ་བྱམས་པ་ལ་བློ་སྦྱོང་དགོས་རེད་ཅེས་གསུངས་འདུག་ཨ། བྱམས་པ་བཅོས་མ་མ་ཡིན་པ་ཞིག་སྐྱེ་སོང་ན། དེ་ལ་སྙིང་རྗེ་བཅོས་མ་མ་ཡིན་པ་ཞིག་སྐྱེས་ཐུབ་ཀྱི་རེད། སྙིང་རྗེ་མ་སྐྱེས་པ་ཡིན་ན་སེམས་བསྐྱེད་བྱེད་ཀྱང་སྐྱེས་ཀྱི་མ་རེད། དེ་མ་སྐྱེས་པ་ཡིན་ན་བྱང་ཆུབ་ཀྱི་སེམས་སྐྱེས་ཀྱི་མ་རེད་བཅས་གང་ལྟར་རྒྱུ་འབྲས་ཀྱི་འབྲེལ་བ་དེ་འདྲ་གསུངས་འདུག་ཨ། ད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ་སྙིང་རྗེ་འདི་གལ་ཆེན་པོ་ཡིན་པ་མེད་ན་ཐབས་ཆག་པ་ཡོད་ན་དེ་ཆོག་པ་ཡིན་རྒྱུ་མཚན་གང་ཡིན་ལབ་ན།
སངས་རྒྱས་ཀྱི་གོ་འཕང་འདི་དོན་མཐར་ཕྱིན་པའི་འབྲས་བུ་ཞིག་ཆགས་ཡོད་རེད། དེ་འདྲ་བའི་འབྲས་བུ་མངོན་དུ་བྱེད་པ་ལ་རྒྱུ་དེ་དང་མཚུངས་པ་ཞིག་དགོས་ཀྱི་ཡོད་རེད། རང་དོན་ཡིད་བྱེད་ཀྱི་དབང་གི་འབྲས་བུ་དེ་འདྲ་ཞིག་ཡོང་སྲིད་ཀྱི་མ་རེད་བ། དེ་འདྲ་ཡིན་དུས་ཐེག་ཆེན་པོས་གསུངས་སྟངས་ལྟར་བྱས་ན་རང་དོན་ཡིད་བྱེད་ཟེར་ཡ་འདི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་རེད་ཟེར། གཞན་ཕན་གྱི་བསམ་པ་དེ་བདེ་བ་ཐམས་ཅད་ཀྱི་བྱུང་གནས་རེད། བྱས་ཙང་རྗེ་སྒམ་པོ་པས་ཚོགས་མཆོད་ལེགས་མཛེས་མའི་ནང་། བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་རྒྱུད་ལ་སྐྱེ་དགོས་རེད། དེ་མ་སྐྱེ་ན་གཞན་དོན་གང་འདྲ་ཞིག་བྱེད་ན་ཡང་གཞན་དོན་ལྟར་སྣང་ཆགས་ཀྱི་རེད། ལྟ་ཚུལ་ལ་གཞན་དོན་བྱེད་པའི་རྣམ་པ་གཅིག་ཡོད་རེད་དེ་ཡིན་ན་ཡང་དོན་ལ་གཞན་དོན་ངོ་མ་ཆགས་ཀྱི་མ་རེད་ཟེར། རང་དོན་ཕུག་ཏུ་བཅུགས་ནས་གཞན་གང་འདྲ་ཞིག་བྱེད་པ་ཡིན་ན་ཡང་། དེ་གཞན་དོན་དངོས་གནས་ཆགས་ཀྱི་མ་རེད་ཟེར། གཞན་དོན་ལྟར་སྣང་ཆགས་ཀྱི་རེད་ཟེར་དེ་འདྲ་ཡིན་དུས། གཞན་དོན་བྱེད་པར་འདོད་པ་ཡིན་ན་སྔོན་ལ་བྱམས་པ་སྒོམ་དེ་ནས་སྙིང་རྗེ་སྒོམ་དེ་ནས་བྱང་ཆུབ་ཀྱི་སེམས་སྒོམ་དགོས་རེད། དེ་འདྲ་བ་གསུམ་རྒྱུད་ལ་སྐྱེ་བར་བྱེད་པ་ཞིག་དགོས་ཡོད་རེད། དེ་གསུམ་ལ་བློ་སྦྱང་ཐུབ་པ་ཞིག་བྱེད་ན་རང་འཁྲི་མེད་པའི་གཞན་དོན་མཚན་ཉིད་པ་ཞིག་བྱུང་གི་རེད། རང་དོན་དང་མ་འབྲེལ་བའི་གཞན་དོན་མཚན་ཉིད་པ་ཞིག་བྱུང་གི་རེད་ཟེར། ལམ་ཕྱིན་ཅི་མ་ལོག་པ་ཞི་སྐྱེ་གྱི་རེད་གསུངས་འདུག་ཨ། འདི་རྒྱུ་མཚན་ལ་བརྟེན་ནས་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པའི་ནང་ལོགས་ལ་ཡ། །གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཅེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མཆོད་པར་བརྗོད་པར་མ་མཛད་པར་སྙིང་རྗེ་ཆེན་པོ་ལ་བསྟོད་པར་མཛད་པ་རེད། དེའི་རྒྱུ་མཚན་ཡང་ཁོ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེ་ཡི་ཡོད་རེད། སྙིང་རྗེ་འདི་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ལྟ་བུ། ཡང་སྙིང་རྗེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་དང་ས་ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་ཕེལ་བྱུང་གི་རེད། རྩི་ཤིང་ལ་ཆུ་དང་དྲོད་ཤེར་འཛོམས་པ་ལྟ་བུ། མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་ཀྱང་། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བྱུང་ཡ་དེ་ཡང་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་གྲུབ་ཡ་དེ་ཡང་རྩ་བ་སྙིང་རྗེ་ཆེན་པོའམ་ཐུགས་རྗེ་ཆེན་པོའི་ཤུགས་ལ་བརྟེན་ནས་ཡོང་གི་ཡོད་པ་ཡིན་ཙང་སྙིང་རྗེ་ཆེན་པོ་ལ་བསྟོད་པ་མཛད་པ་ཡིན་གསུངས།"
ཀརྨ་བསོ་རྒྱལ་པས་སྒྲ་ཕབ་ཞུས་པ་ལགས་སོ།
































