སྤྱི་ལོ་༢༠༢༥ སྤྱི་ཟླ་ ༠༢ སྤྱི་ཚེས་ ༠༨ ཀྱི་དགོང་མོའི་ཆུ་ཚོད་༧: ༠༠ པའི་སྟེང་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་རར་༧རྒྱལ་ཀུན་འཕྲིན་ལས་ཀྱི་སྙིང་པོ་མཚན་དཔེ་གཟི་བྱིན་གྱི་གཟུགས་སུ་སྣང་བ་༧དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོའི་ཐུགས་ཀྱི་དགོངས་པ་གཞིར་བཟུང་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་བཀའ་བརྒྱུད་པའི་བཤད་གྲྭ་ཁག་གི་སློབ་གཉེར་བ་རྣམ་པས་འཚོགས་གནང་སོང་།
ཐེངས་འདིའི་ཚོགས་མགོན་དུ་༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་ཁྲ་འགུ་ཆོས་རྗེ་བླ་མས་གཙོས་བཀའ་བརྒྱུད་པའི་མཁན་པོ་རྡོར་སློབ་དབུ་ཆོས་རྣམ་པ་དང་། ད་ལན་གཙོ་སྐྱོང་བ་འབོ་དཀར་བཤད་གྲྭའི་མཁན་པོ་ཀརྨ་བསྟན་པ་རྣམ་དག་ཡིན་ཞིང་། ཁོང་གིས་གསུང་དོན་ལ། རྩོད་གླེང་སྐོར་རྩོད་གླེང་ཐེངས་དང་པོའི་སྐབས་སུ་གཙོ་སྐྱོང་བས་གསུང་པ་ལས་ལོགས་སུ་བཤད་རྒྱུ་གང་ཡང་མེད། ཡིན་ན་ཡང་ད་ཐེངས་རྩོད་གླེང་གི་བརྗོད་གཞི་འདི་ལོ་རྒྱུས་དང་འབྲེལ་བ་ཆེན་པོ་ཡོད་ཙང་ཐོག་མར་ང་ཚོས་མཁྱེན་དགོས་པ་ཞིག་ནི་ལོ་རྒྱུས་སྐབས་སུ་ས་གནས་དུས་ཚོད་ཚུལ་ཇི་ལྟར་བྱུང་བའི་སྐོར་རྣམས་གལ་ཆེན་པོ་ཡིན་པ་དང་། ད་དུང་རྩོད་གླེང་གི་སྐབས་འདུ་ཤེས་ཡང་དགེ་བའི་ཕྱོགས་སུ་བསྒྱུར་ཐུབ་པ་ཞིག་བྱུང་ན་དགེ་མཚན་ཆེ་ཚུལ་སོགས་གསུང་གནང་སོང་།
རྩོད་གླེང་གནང་མཁན་ལ་སྡེ་ཚན་གཉིས་སྒྲུབ་ཕྱོགས་ནས། རུམ་བཏེག་བཤད་གྲྭ། བསོད་ནམས་དར་བཤད་གྲྭ། ལ་བྷ་བཤད་གྲྭ། ཟུར་མང་བཤད་གྲྭ། དགག་ཕྱོགས་ནས། ཤེས་རབ་གླིང་བཤད་གྲྭ། ཁྲ་འགུ་བཤད་གྲྭ། ལེགས་བཤད་གླིང་བཤད་གྲྭ། འབྲུག་ཉི་ལྡེ་བཤད་གྲྭ།
སྤྱིར་གཏང་བརྗོད་གཞི་འདི་རྩོད་གཞི་ཅན་ཞིག་ཡིན་པ་དང་། སྒྲུབ་ཕྱོགས་པ་རྣམས་ཀྱིས་སྔར་ནས་ཡོངས་སུ་གྲགས་པའི་གནའ་དེང་གི་མཁས་པ་མང་པོས་ཐོན་མིས་བོད་ཡིག་གསར་བཟོ་ཡིན་པའི་རྒྱབ་སྐྱོར་སྒྲུབ་བྱེད་ཀྱི་ལུང་། གསལ་བྱེད་ཀྱི་རིགས་པ། མཚོན་བྱེད་ཀྱི་དཔེ། བརྡ་དོན་དཔངས་རྟགས་དང་བཅས་པ་བགྲངས་ནས་ཐོན་མིས་རྒྱ་གར་གྱི་ཡི་གེ་ལ་གཞི་བཅོལ་ཏེ་བོད་སྐད་ཀྱི་སྒྲ་གདངས་དང་མཐུན་པའི་ཡི་གེ་གསར་བཟོ་མཛད་ཚུལ་དང་། དེ་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་རྣམས་བོད་ཡིག་ཐོག་ཏུ་བསྒྱུར་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་ཚུལ་སོགས་སྒྲུབ་གནང་སོང་།
དེ་བཞིན་དགག་ཕྱོགས་པ་རྣམ་པས་ཀྱང་ཐོན་མིས་བོད་ཡིག་གསར་བཟོ་མཛད་མིན་པར་སྔ་མོ་ནས་ཡོད་པའི་ཡི་གེ་ཞིག་ཡར་རྒྱས་བཏང་བ་ཙམ་ཡིན་པའི་དགག་པ་མཛད་དེ། མཁས་པའི་དབང་པོ་འགའ་ཤས་ནས་གསར་བཟོ་མིན་པའི་རྒྱབ་སྐྱོར་ལུང་རིག་པ་དཔངས་རྟགས་བཅས་བགྲངས་གནང་ནས་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་དང་། ཞང་ཞུང་གི་ཡི་གེ་སྨར་ཡིག་སོགས་ཀྱི་དཔང་རྟགས་ཡོད་ཚུལ་གསུང་གནང་སོང་། མདོར་ན་རྩོད་གླེང་འདིའི་སྐབས་སུ་ཕྱོགས་གཉིས་ཀས་ལོ་རྒྱུས་ཡིག་ཆ་དང་རྒྱ་གར་ཡིག་གཟུགས། བོད་ཀྱི་ཡིག་གཟུགས་རྙིང་པ་སོགས་དཔེ་མཚོན་མང་པོ་དྲངས་ཏེ་རྩོད་གླེང་ཟབ་རྒྱས་གནང་བ་དེས་ཐོན་མིས་བོད་ཡིག་གསར་བཟོས་ཡིན་མིན་ཐོག་བོད་ཡིག་གི་འབྱུང་ཁུངས་དང་འཕེལ་རིམ་སྐོར་ལ་གོ་རྟོགས་གསར་པ་མང་པོ་ཞིག་རྙེད་རྒྱུ་བྱུང་།
མཐའ་དོན་རྩོད་གླེང་བ་གཉིས་རེ་ནས་མཇུག་སྡོམ་གསུང་བཤད་གནང་ནས་རྩོད་གླེང་དགའ་སྤྲོའི་ངང་མཇུག་ལེགས་པར་གྲུབ། དེ་ནས་རྩོད་གླེང་གནང་མཁན་རྣམ་པར་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་འགན་འཛིན་བླ་མ་ཆོས་གྲགས་ནས་མཇལ་དར་ཉིན་མོ་བདེ་ལེགས་གནང་། ༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་ལ་མཇལ་དར་ཕུལ་ནས་རིན་པོ་ཆེ་དང་ལྷན་དུ་སྐུ་པར་སྒྲོན་ཏེ་མཇུག་གྲུབ་གནང་སོང་།
བཀའ་བརྒྱུད་སྨོན་ལམ་སོ་དགུ་པའི་གནས་ཚུལ་ཕྱོགས་བསྡུས་པ་ཀརྨ་བསོ་རྒྱལ་པས། ༨/༠༢/༢༠༢༥
