ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༠ ཉིན།
སྔ་དྲོ་ཆུ་ཚོད་ ༦ པའི་ཐོག་ཉིན་རེ་སྨོན་ལམ་གྱི་མཛད་རིམ་འཆར་ཅན་ལྟར། སྐྱབས་གནས་དགེ་འདུན་པ་གྲྭ་བཙུན་སྤྱི་དང་སྨོན་ལམ་ཚོགས་བཅར་བ་དད་ལྡན་མི་དམངས་རྣམས་སྨོན་ལམ་གྱི་ཆོས་རྭ་ཆེན་མོར་འདུས་པ་ན། ༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་ནས་ཐེག་པ་ཆེན་པོ་གསོ་སྦྱོང་གི་སྡོམ་པ་བསྩལ། དགེ་སློང་བརྒྱ་ཕྲག་བཞི་ཙམ་སྨོན་ལམ་ཆོས་རའི་ཉེ་འགྲམ་གཏེར་སྒར་དགོན་དུ་ཕེབས་ཤིང་། ༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེའི་སྐུ་མདུན་ནས་ཐེག་པ་ཆེན་པོ་གསོ་སྦྱོང་སྡོམ་པ་བླངས་ཏེ་འཕགས་པའི་གནས་བརྟན་བཅུ་དྲུག་གདན་འདྲེན་དང་། ལྷན་དུ་བསོད་སྙོམས་ཀྱི་མཛད་རིམ་ལ་ཕེབས་རྒྱུའི་སྟ་གོན་ལ་ཞུགས།
སྤྱིར་༧གནས་བརྟན་བཅུ་དྲུག་གདན་འདྲེན་དང་བསོད་སྙོམས་འབུལ་རྒྱུའི་མཛད་རིམ་ནི། ༧རྒྱལ་དབང་ཀརྨ་པ་བཅུ་བདུན་པའི་ཐབས་མཁས་ཀྱི་དགོངས་པ་རྨད་དུ་བྱུང་བ་བརྟེན་ནས་བྱུང་བའི་ལོ་རེའི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་མཛད་སྒོ་གལ་ཆེན་ཞིག་ཡིན། དོན་སྙིང་ཅན་གྱི་མཛད་རིམ་ཟབ་མོ་དེ་ལ་བརྟེན་ནས་འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་དམངས་རྣམས་སྔོན་སྟོན་པ་བཅོམ་ལྡན་འདས་དང་གང་གི་འཁོར་དགེ་སློང་སོོགས་རབ་ཏུ་བྱུང་བ་རྣམས་ཀྱི་རྣམ་ཐར་ཡིད་ལ་རབ་ཏུ་རྗེས་སུ་དྲན་ནས་དད་པའི་མིག་ཆུ་ཤོར་བ་སོགས་དོན་ཐོག་ལ་དད་ལྡན་དང་བ་འདྲེན་པ་མངོན་སུམ་དུ་འགྱུར་ཡོད།
གནས་བརྟན་བཅུ་དྲུག་ནི།
ཇི་སྐད་དུ། དུས་གསུམ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་བཟུང་སྲིད་པ་ཇི་སྲིད་པར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱིས་བཀྲ་ཤིས་ཤོག། །ཅེས་གསུངས་པ་ལྟར། སྔོན་སྟོན་པ་བཅོམ་ལྡན་འདས་ཤཀྱཱ་ཐུབ་པའི་དབང་པོའི་བསྟན་པ་འདིར། སྟོན་པའི་རྗེས་འཇུག་མཆོག་ཟུང་གཉིས་སོོགས་སློོབ་མ་གྲངས་ལས་འདས་པ་ཕེབས་པ་ལས། འཕགས་པའི་གནས་བརྟན་ཡན་ལག་བྱུང་དང་། གནས་བརྟན་མ་ཕམ་པ་སོགས་གནས་བརྟན་དགེ་སློང་མཆོག་ཏུ་གྱུར་པ་བཅུ་དྲུག་གིས་སྟོན་པ་སངས་རྒྱས་ཤཀྱཱ་ཐུབ་པའི་བསྟན་པ་འདི་ཉིད་འཇིག་རྟེན་ཁམས་སུ་དུས་ཇི་སྲིད་པར་གནས་པ་དེ་སྲིད་དུ་བསྟན་པ་སྐྱོང་བ་དང་འགྲོ་བའི་དོན་མཛད་པའི་ཐུགས་བསྐྱེད་སྨོན་ལམ་གཞན་དང་མི་འདྲ་བའི་རླབས་པོ་ཆེ་མཛད། ཐུགས་བསྐྱེད་མཛད་པ་དེ་བཞིན་ད་ལྟ་ཡང་འཕགས་པའི་གནས་བརྟན་དེ་དག་རྣམས་འཛམ་བུ་གླིང་གི་གནས་བྱ་རྒོད་ཕུང་པོའི་རི་བོ་དང་། ཏི་སེ་རྣམས་དང་། དེ་བཞིན་བྱང་གི་སྒྲ་མི་སྙན་སོགས་གླིང་གཞན་ལ་འཁོར་དགྲ་བཅོམ་པ་དུ་མ་དང་ལྷན་དུ་བཞུགས་ནས་བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་བཞིན་ཡོད།
དེ་ལ་བརྟེན་ནས་སྔར་རྒྱ་ནག་དང་བོད་ཀྱི་ལོ་རྒྱུས་ཁྲོད་དུ་གང་ཟག་ཁྱད་པར་དུ་འཕགས་པ་འགའ་ཞིག་གིས་འཕགས་པའི་གནས་བརྟན་བཅུ་དྲུག་དངོས་སུ་གདན་འདྲེན་མཛད་པར་བཤད་སྲོལ་ཡོད་ཅིང་། དཔེར་ན། ཐང་རྒྱལ་རབས་ཀྱི་གོང་མ་ཐའི་ཙུང་གིས་རྒྱལ་ས་ཁྲང་ཨན་དུ་གནས་བརྟན་བཅུ་དྲུག་དངོས་སུ་གདན་འདྲེན་ནས་ཟླ་བ་ཁ་ཤས་བཞུགས་ཡོད་པར་བཤད་པ་དང་། ཡང་བོད་དུ་ཇོ་བོ་རྗེ་བྲག་ཡེར་བར་བཞུགས་སྐབས་ཉིན་གཅིག་གནས་བརྟན་བཅུ་དྲུག་དངོས་སུ་ཕེབས་ནས་འབྲོམ་སྟོན་པས་གསོལ་སྟོན་ཞུས་པའི་ལོ་རྒྱུས་བཤད་དུ་ཡོད་། ཕྱིས་སུ་བོད་ལ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སུ་སྒར་ཆེན་སྨོན་ལམ་ཆེན་མོ་ཚོགས་སྐབས། འཕགས་པའི་གནས་བརྟན་བཅུ་དྲུག་གི་ཞལ་འབག་དང་ན་བཟའ་བསྣམས་ཏེ་གདན་འདྲེན་བྱེད་པའི་ལམ་སྲོལ་བཟང་པོ་ཡོད་པར་གྲགས། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྡན་པའི་སྲོལ་བཟང་འདི་ཉིད་བར་སྐབས་སུ་གནས་སྟངས་ཀྱིས་རྐྱེན་པས་ཅུང་ཉམས་པ་བྱུང་མོད། ད་ལྟ་རྒྱ་གར་འཕགས་པའི་ཡུལ་དུ་༧རྒྱལ་མཆོག་ཀརྨ་པ་བཅུ་བདུན་པའི་ཐུགས་བསྐྱེད་ཉག་ཅིག་ལས་བཀའ་བརྒྱུད་སྨོན་ལམ་སྐབས་སུ་གནས་བརྟན་ཆེན་པོའི་སྐུ་འབག་གདན་འདྲེན་ཞུ་བའི་སྲོལ་བཟང་སླར་གསོ་མཛད་ནས། ལོ་ལྟར་བཞིན་སྨོན་ལམ་ཆེན་མོའི་སྐབས་སུ་གནས་བརྟན་ཆེན་པོ་བཅུ་དྲུག་གི་སྐུ་འབག་གདན་འདྲེན་མཛད་བཞིན་ཡོད།
དགེ་སློང་རྣམས་ལ་བསོད་སྙོམས་ཕུལ་བ་ནི།
སྔོན་སྟོན་པ་སངས་རྒྱས་ཀྱིས་བསྟན་པ་དང་སྟོན་པ་གཉིས་ཀར་ཡིན་པར་གསུངས་པའི་དམ་ཆོས་འདུལ་བའི་ནང་དུ་རབ་ཏུ་བྱུང་བ་རྣམས་ཀྱི་འཚོ་བ་དང་འབྲེལ་བའི་ལས་རིམ་བཟང་པོ་ཞིག་ཏེ། དེ་ཡང་སྤྱིར་སྟོན་པ་བཅོམ་ལྡན་འདས་ཀྱིས་སློབ་མ་རབ་ཏུ་བྱུང་བ་རྣམས་འཚོ་བ་བསོད་སྙོམས་ལ་སྤྱོད་དགོས་པར་བཅས་པ་མཛད་ནས། སྟོན་པ་ཞལ་བཞུགས་པའི་སྐབས་སུ་རྒྱ་གར་དུ་རབ་བྱུང་རྣམས་ཀྱིས་འཚོ་བ་ནི་བསོད་སྙོམས་ཁོ་ནར་སྤྱོད་ཡོད། དེ་ལ་བརྟེན་ནས་དགེ་སློང་སོགས་རབ་ཏུ་བྱུང་བ་རྣམས་བསོད་སྙོམས་ཀྱི་ཆེད་དུ་ཕེབས་པ་ན། སྔ་དྲོའི་ཆར་རབ་ཏུ་བྱུང་བ་རྣམས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་བྱ་བའི་རིམ་པ་དག་ལེགས་པར་བསྒྲུབས་ཏེ་ཉི་ཤར་ཙམ་ན་གྲོང་དང་གྲོང་ཁྱེར་རྣམས་ལ་བསོད་སྙོམས་སུ་ཕེབས་སྲོལ་ཡོད། དེའི་ཚེ་དད་ལྡན་མི་དམངས་ནས་རང་ལ་གང་འབྱོར་གྱི་བསོད་སྙོམས་ཕུལ་ནས་རྣམ་དཀར་དགེ་བའི་ཚོགས་རྒྱ་ཆེན་པོ་གསོག་པའི་སྐལ་བ་བཟང་པོ་ཆགས་ཀྱི་ཡོད། མ་ཟད་དེང་གི་དུས་སུའང་གནས་བརྟན་སྡེ་པའི་ཆོས་བརྒྱུད་དར་བའི་རྒྱལ་ཁབ་ཐའི་ལན་ཌ་སོགས་ལ་རབ་བྱུང་རྣམས་སྔར་སྟོན་པ་ཞལ་བཞུགས་པའི་སྐབས་བཞིན་འཚོ་བ་བསོད་སྙོམས་ཁོ་ན་ལ་སྤྱོད་བཞིན་ཡོད། ཕྱིས་བོད་ཡུལ་སོགས་བོད་བརྒྱུད་ནང་བསྟན་དར་བའི་ས་ཆར་འཁོར་ཡུག་སྤྱི་ཚོགས་ཀྱི་དབང་གིས་རབ་བྱུང་རྣམས་ཉིན་རེའི་འཚོ་བ་བསོད་སྙོམས་ཁོ་ན་ལ་སྤྱོད་ཐུབ་པ་བྱུང་མེད།
འོན་ཀྱང་སྙིགས་མའི་དུས་འདིར་༧རྒྱལ་དབང་ཀརྨ་པ་མཆོག་ནས་དད་ལྡན་སྐྱེ་བོ་རྣམས་ཀྱི་མིག་ལམ་དུ་དམ་ཆོས་འདུལ་བའི་བསྟན་པ་རིན་པོ་ཆེ་དེ་ཉིད་སྔར་སྟོན་པ་ཞལ་བཞུགས་པའི་སྐབས་བཞིན་མཇལ་ནས། སྟོན་པ་འཁོར་དང་བཅས་པ་ཡིད་དད་པས་རབ་ཏུ་རྗེས་སུ་དྲན་པ་དང་། ཀུན་གྱི་རྒྱུད་ལ་ཐར་པ་མྱ་ངན་ལས་འདས་པའི་ས་བོན་བསྐྲུན་པའི་ཆེད་དུ། སྤྱིར་རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་སྐབས་སུ་རབ་ཏུ་བྱུང་བ་རྣམས་དབུ་སྐྲ་བྲེག་པ་དང་། ལུས་ལ་གདིང་བ་དང་ཆོས་གོས་རྣམ་གསུམ་རྣམས་ཚུལ་བཞིན་དུ་བསྣམས་དགོས་པ་སོགས་དམ་ཆོས་འདུལ་བ་གཞིར་བཟུང་མཛད་དགོས་པའི་བཀའ་བཟང་ཕེབས་ཤིང་། དམིགས་བསལ་དུ་སྨོན་ལམ་གྱི་ཉིན་གཅིག་ལ་དགེ་སློང་གི་དགེ་འདུན་རྣམས་ལ་བསོད་སྙོམས་ཕུལ་བའི་གལ་གནད་ཅན་གྱི་མཛད་རིམ་ཆེད་སྒྲིག་གི་བཀའ་དྲིན་བསྐྱངས། ༧རྒྱལ་མཆོག་གང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སྨོན་ལམ་ལ་མཉམ་ཞུགས་གནང་བའི་དགེ་སློང་རྣམས་ཆོས་གོས་རྣམ་གསུམ་ལེགས་པར་བསྣམས་ནས་ངེས་ཅན་གྱི་ས་གནས་སུ་བསོད་སྙོམས་ལ་ཕེབས་པའི་ཚུལ་མཛད་པ་ན། དད་ལྡན་སྐྱེ་བོ་རྣམས་མཇལ་བ་ཙམ་གྱིས་སེམས་དད་པས་རབ་ཏུ་གཡོས་ནས་མིག་ཏུ་མཆི་མ་འཁྲུག། །དེ་འདྲའི་བསྐལ་བ་བཟང་བ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་ནི་གྲངས་ལས་འདས་པ་བྱུང་ཡོད་པ་ནི་མིག་མཐོང་ལག་ཟིན་ཡིན།
ལོ་འདིར་ཡང་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཉིན་དྲུག་པའི་སྔ་དྲོར་སྨོན་ལམ་ཆོས་རྭར་དམངས་དགེ་འདུན་པ་དང་ཚོགས་བཅར་བ་ཡོངས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་བླངས་ནས། རྒྱུན་ལྡན་བཞིན་ལེགས་སྦྱར་སྐད་ཐོག་ནས་མཆོག་གསུམ་ལ་སྐྱབས་འགྲོ་དང་དཀོན་མཆོག་རྗེས་དྲན་སོགས་ཞལ་འདོན་རྣམས་གསུངས། དེ་ནས་གནས་བརྟན་བཅུ་དྲུག་གི་གདན་འདྲེན་གྱི་མཛད་སྒོ་དང་འབྲེལ་བས་འདུས་པ་ཡོངས་ནས་གནས་བརྟན་ཕྱག་མཆོད་ཀྱི་ཞལ་འདོན་དབུ་ཚུགས། ཞལ་འདོན་གྱི་འཕྲོ་སྤྱན་འདྲེན་གྱི་སྐབས་སུ་སླེབ་པ་ན། སྟོན་པ་བཅོམ་ལྡན་འདས་བཞེངས་ནས་བཞུགས་པའི་སྐུ་འདྲ་མཐོང་གྲོལ་རིན་པོ་ཆེ་དང་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་གི་སྐུ་འབག །དེ་བཞིན་དགེ་སློང་བརྒྱ་ཕྲག་དུ་མ་བཅས་གཏེར་སྒར་དགོོན་གྱི་འདུ་ཁང་ཆེན་མོ་ནས་རྒྱ་གླིང་དང་སྤོས་སྣ་བཅས་སེར་སྦྲེང་ཟབ་རྒྱས་ཀྱིས་བསུས་ཏེ་ཕེབས། སྟོན་པ་འཁོར་དང་བཅས་པ་གཏེར་སྒར་དགོན་གྱི་གཡས་ཕྱོགས་ནས་དལ་གྱིས་རྒྱབ་ཕྱོགས་སུ་ཕེབས་ཤིང་། སྨོན་ལམ་ཆེན་མོའི་ཆོས་རའི་གཡས་ཕྱོགས་བརྒྱུད་ཤར་གྱི་རྒྱ་སྒོའི་ཆེན་མོ་ནས་ཞུགས་ཏེ་ཆོས་རའི་དབུས་ཀྱི་གར་སྟེགས་སུ་བཞུགས་སུ་གསོལ། དེའི་སྐབས་ཕེབས་ལམ་གྱི་གཡས་གཡོན་གཉིས་སུ་དད་ལྡན་སྐྱེ་བོ་གྲངས་ལས་འདས་པའི་ཕྱག་ཏུ་མེ་ཏོག་དང། ཁ་བཏགས། བདུག་སྤོས་སོགས་ཁྱེར་ནས་ཕེབས་བསུ་དང་མཇལ་ཁ་ཞུས། ཆོས་རའི་ནང་དུ་བཞུགས་པའི་དགེ་འདུན་པ་ཀུན་ཡང་བཞེངས་ཤིང་སིལ་སྙན་དང་རྒྱ་གླིང་གིས་བསུས།
སྨོན་ལམ་ཆོས་རའི་དབུས་ཀྱི་ངོས་ལ་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲི་པ་ཆེན་པོ་མཆོག་མཐོང་གྲོལ་ལས་ཞྭ་བསྣམས་ཏེ་བཞུགས། སྟོན་པའི་སྐུ་འདྲ་མཐོང་གྲོལ་རིན་པོ་ཆེ་དང་གནས་བརྟན་བཅུ་དྲུག་སྐུ་འབག། དེ་བཞིན་དགེ་སློང་རྣམས་ཆོས་རའི་དབུས་སུ་དལ་གྱིས་ཕེབས་གྲུབ་པ་ན། མདུན་ཕྱོགས་སུ་སྟོན་པའི་སྐུ་འདྲ་མཐོང་གྲོལ་དབུས་དང་གནས་བརྟན་རྣམས་ཞལ་ཤར་ལ་ཕྱོགས་ཤིང་གཡས་གཡོན་གཉིས་སུ་བགོས་ཏེ་བཞུགས། དགེ་སློང་རྣམས་ལས་འགའ་ཞིག་སྟོན་པ་དང་གནས་བརྟན་བཅུ་དྲུག་གི་རྒྱབ་ཕྱོགས་ནས་གྲལ་ཚར་དུ་དངར་བར་བྱས་ཏེ་བཞུགས་ཤིང་། འགའ་ཞིག་ནི་འཕགས་པའི་གནས་བརྟན་བཞུགས་སའི་རྒྱབ་ངོས་སུ་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་པ་ཆེན་པོའི་གཡས་གཡོན་གཉིས་ནས་བཞུགས། མདོར་ན་སྟོན་འཁོར་ཐམས་ཅད་ཁྲོམ་ཚོགས་བཞིན་དུ་བཞུགས་ནས་དད་ལྡན་སེར་སྐྱ་མི་དམངས་ཡོངས་ལ་རབ་ཏུ་དང་བ་འདྲེན་པའི་དཀྱིལ་འཁོར་དུ་གྲུབ།
དེ་ནས་དབུ་མཛད་ཀྱིས་འགོ་འདྲེན་ནས་དེར་འདུས་པ་ཡོངས་ནས་གདངས་སྙན་མོས་སྤྱན་འདྲེན་དང་བཞུགས་གསོལ། ཁྲུས་གསོལ་དང་། གནས་བརྟན་ཕྱག་མཆོད་ཀྱི་ཆོ་གའི་ལྷག་འཕྲོའི་ཞལ་འདོན་རྣམས་གསུངས། སྟོན་པ་ཤཀྱཱ་ཐུབ་པའི་མཚན་སྔགས་འདོན་བཞིན་བསོད་སྙོམས་འབུལ་བའི་ལས་རིམ་དབུ་ཚུགས། དེ་ཡང་ཐོག་མར་མཚུར་ཕུ་བླ་བྲང་། དཔལ་སྤུངས་བླ་བྲང་། རྒྱལ་ཚབ་བླ་བྲང་། འཇམ་མགོན་བླ་བྲང་སོགས་གདན་ས་དང་དགོན་སྡེ་ཁག་རྣམས་ནས་ཕུལ། དེ་ནས་རིམ་པ་བཞིན་དད་ལྡན་སེར་སྐྱ་མི་དམངས་རྣམས་ནས་ཕུལ། དགེ་སློང་རྣམས་ཀྱི་གུང་ཚིགས་ཀྱང་སྨོན་ལམ་ཆོས་ར་ལ་བཞེས། བསོད་སྙོམས་འབུལ་རྒྱུ་མཛད་རིམ་གྲུབ་རྗེས་ཚོགས་གྲོལ་ནས་དམངས་དགེ་འདུན་པ་རྣམས་གུང་ཚིགས་ཞལ་ལག་རོལ་ལོ། །
གནས་ཚུལ་སྙིང་བསྡུས་ཤིག་གངས་ལ་ཉི་ཤར་ནས་བྲིས།