ཚོགས་དུས། སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༠༢ ཚེས་ ༠༦ གི་དགོང་མོ།
ཚོགས་ཡུལ། བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་ར།
རྒྱ་གར་འཕགས་པའི་ཡུལ་སྟོན་མཆོག་དོན་ཀུན་གྲུབ་པ་མངོན་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་འཚོགས་སྐབས་བཀའ་བརྒྱུད་དགུན་ཆོས་ཀྱི་ཆ་ཤས་སུ་གྱུར་པ་ངག་རྩལ་འགྲན་བསྡུར་རམ་རྩོད་གླེང་ཆེན་མོ་ཞེས་ཚོགས་སྲོལ་ཡོད་པ་ལྟར། སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༠༢ ཚེས་ ༠༦ གི་དགོང་མོར་དབུ་བཞུགས་གཙོ་བོ་༧ སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་གི་དབུས་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་། དགེ་འདུན་བཙུན་པ་བཙུན་མ། གོས་དཀར་ལྕང་ལོ་ཅན་གྱི་སྡེ་རྣམས་སྨོན་ལམ་ཆེན་མོའི་ཆོས་རར་ཞི་འཇམ་བག་ཕེབས་ཀྱིས་བཞུགས་ཞིང་། རྩོད་གླེང་གནང་མཁན་བཤད་གྲྭ་ཁག་བརྒྱད་ཀྱི་གྲྭ་པ་བརྒྱད་སྡེ་ཚན་གཉིས་ལ་བགོས་ནས་དགག་སྒྲུབ་གཉིས་སུ་ཕྱེས་ཏེ་བརྗོད་གཞི་༼ རབ་ཏུ་བྱུང་བས་རྣམ་གསུམ་དག་པའི་ཤ་ཟ་རུང་ངམ་མི་རུང་༽ཞེས་པའི་ཐོག་ཏུ་རྩོད་གླེང་ཚོགས་གནང་སོང་།
སྐབས་འདིའི་རྩོད་གླེང་གི་གཙོ་སྐྱོང་བ་བལ་ཡུལ་ཀརྨ་ལེགས་བཤད་གླིང་བཤད་གྲྭའི་མཁན་པོ་ལྷག་པ་ལགས་ཡིན་ཞིང་། ཁོང་གིས་སྔོན་སངས་རྒྱས་ཞལ་བཞུགས་སྐབས་འཁོར་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་རྣམས་དྲི་བ་དྲིས་ལན་གྱི་ཚུལ་དུ་ཆོས་གསུང་གིན་ཡོད་པ་དེ་དང་མཐུན་པར་རྩོད་གླེང་འདི་སྤྱི་ལོ་ ༢༠༡༣ ལོར་༧ རྒྱལ་དབང་མཆོག་གིས་གསར་གཏོད་གནང་བ་ཞིག་ཡིན་ཞིང་། དེ་ནས་བཟུང་དགོན་སྡེ་ཁག་གིས་རྒྱལ་དབང་མཆོག་གི་བཀའ་དགོངས་གཞི་བཟུང་ཐོག་རྩོད་གླེང་རྒྱུན་བསྐྱངས་པ་ལ་བརྟེན་ནས་ངག་གི་རྩལ་དང་འཆད་པའི་རྩལ་ཡར་རྒྱས་སོང་ཟིན་དང་འགྲོ་བཞིན་པ་ཡིན་པ་དང་། རྩོད་གླེང་དེ་ཡང་རིམ་པ་གསུམ་གྱི་ཐོག་འགྲོ་དགོས། དང་པོ་མི་སྣ་ངོ་སྤྲོད། གཉིས་པ་རྩོད་གླེང་གི་ངོ་བོ་གང་ཡིན་ངོ་སྤྲོད། མཐའ་མ་རྩོད་གླེང་གནང་དགོས་པའི་རྒྱུ་མཚན་གང་ཡིན་ཏེ་སྡེ་ཚན་གསུམ་གྱི་སྒོ་ནས་ངོ་སྤྲོད་གནང་། དང་པོ་མི་སྣ་ངོ་སྤྲོད་བྱས་ཟིན་རྗེས་རྩོད་གླེང་གི་ངོ་བོ་བཤད་སྐབས་དང་པོ་རྩོད་གླེང་གི་བརྗོད་གཞི་བཏིང་བ། གཉིས་པ་རྩོད་གླེང་དངོས། གསུམ་པ་མཇུག་བསྡོམས་ཏེ་ས་བཅད་གསུམ་གྱི་སྒོ་ནས་གནང་དགོས་ཚུལ་གསུང་།
གསུམ་པ་དགོས་པ་གསུང་སྐབས་སྤྱིར་བཏང་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་ཞེས་ཡོད་པ་ལས་རྩོད་གླེང་འདི་གཙོ་བོ་འཆད་པའི་ཁོངས་སུ་འགྲོ་ཞིང་། དེ་ཡང་རང་གི་བཤད་ཚུལ་ལེགས་ན་ཡང་གཞན་རྣམས་ལ་ནང་ཆོས་ངོ་སྤྲོད་སོགས་བྱེད་སྐབས་གོ་བརྡ་ཡག་པོ་མི་འཕྲོད་པའམ་ངག་གི་རྩལ་གྱིས་མི་འདང་བ་དང་། སྤོབས་པས་མི་འདང་བ་ལ་སོགས་པ་སེལ་བའི་ཆེད་དུ་རྩོད་གླེང་གནང་གིན་ཡོད་ཚུལ་དང་། དེ་བཞིན་སྲོལ་རྒྱུན་གྱི་འཆད་ཐབས་རྐྱང་པས་ཆོག་མི་ཤེས་པར་དེང་རབས་ཀྱི་ཆོས་འཆད་ཐབས་ལ་བྱང་ཆུབ་ཅིང་། ཚན་རིག་པ་ལ་སོགས་པའི་ལྷན་དུ་དཔུང་པ་མཉམ་གཤིབ་བྱས་ན། ཐགས་ཐོགས་མེད་པར་གོམ་པ་ལྷན་དུ་སྤོ་ཐུབ་པའི་ཆེད་དུ་ཡིན་པ་དང་། ངག་གི་རྩལ་ཡག་པོ་མེད་ན་ཆོས་བཤད་ཀྱང་ཆོས་ཉན་པ་པོ་རྣམས་ཉན་མི་སྤྲོ་བ། མ་དགའ་བ་ཡོང་བས་ངག་རྩལ་དེ་ཧ་ཅང་གལ་ཆེན་པོ་ཡིན། དེ་བཞིན་ཕོ་རྩལ་སྣ་དགུ་ལས་ངག་རྩལ་གསུམ་ཞེས་བཤད། དང་པོ་གཏམ་གྱི་བཞད་གད་སློང་ཐུབ་པ་ཞེས་དབྱིན་སྐད་དུ་བྱས་ན་ Sense of humour (དགོད་བྲོའི་ཚོར་འདུ་)དགོས་ཡིན་ས་རེད། གཉིས་པ་ལོ་རྒྱུས་ཀྱི་དགེ་ཐོན་པ་ཞེས་པ་ཆོས་དང་མཐུན་པའི་ལོ་རྒྱུས་དང་སྒྲུང་བཤད་རྒྱུ་ཡོད་པ། གསུམ་པ་ཤགས་ཀྱིས་ཕ་རོལ་གནོན་པ་ཞེས་ཕ་རོལ་པོའི་ལོག་རྟོག་ཟློག་ཐུབ་པ། དོགས་པ་སེལ་ཐུབ་པའི་ཆ་རྐྱེན་གསུམ་ཚང་ན་སྐྱེས་པ་ཕོ་ལ་ཚང་དགོས་པའི་ངག་གི་ཡོན་ཏན་གསུམ་ཟེར་བ་རེད། ང་རང་ཚོས་དེ་ཚང་བ་ལ་འབད་དགོས་པ་རེད་འདུག །མདོ་སྡེ་ལང་ཀར་གཤེགས་པ་ལས། ལུང་བསྟན་པ་ནི་རྣམ་བཞི་སྟེ། །མགོ་གཅིག་དང་ནི་དྲི་བ་དང་། །རྣམ་པར་དབྱེ་དང་གཞག་པ་རྣམས། །མུ་སྟེགས་སྨྲ་བ་བཟློག་པའོ། །ཞེས་གསུངས་པ་ནི་ང་ཚོས་དྲི་བ་ལན་སྤྲད་སྟངས་མ་འདྲ་བ་བཞི་ཡོད་རེད། མགོ་གཅིག་ཅེས་པ་མཐའ་གཅིག་ཏུ་འདི་རེད་དང་མ་རེད་ཅེས་ཐག་བཅད་ནས་ལན་གནང་བ། གཉིས་པ་དྲི་བ་དང་ཟེར་དུས་དྲི་བ་ལ་དྲི་བའི་ལན་གྱི་ཚུལ་དུ་ལན་གནང་བ། གསུམ་པ་རྣམ་པར་དབྱེ་ཞེས་པ་རིང་ཐུང་ལ་སོགས་པ་དབྱེ་ནས་ལྟོས་ས་ལྟོས་འཇོག་གི་དཔེ་དང་སྦྱར་ནས་ལན་སྤྲད་པ། བཞི་པ་བཞག་པ་ཞེས་པ་སྐབས་ཐོབ་མ་ཡིན་པ་ལ་གནས་སྐབས་ལན་མ་གནང་ནས་བཞག་པ། དཔེར་ན། སངས་རྒྱས་བཅོམ་ལྡན་ལྡན་འདས་ཀྱི་ལུང་མ་བསྟན་པའི་ལྟ་བ་བཅུ་བཞི་ལྟ་བུ་ལན་འདེབས་ཚུལ་མ་འདྲ་བ་གང་འདྲ་ཡོད་མེད་མཁྱེན་དགོས་པ་བཤད་པ་རེད་འདུག །ཅེས་རྩོད་གླེང་གི་བྱུང་རིམ་དང་། རྩོད་གླེང་བྱེད་སྟངས། རྩོད་གླེང་གི་དགོས་པ་རྒྱུ་མཚན་སོགས་ངོ་སྤྲོད་གནང་ཟིན་རྗེས་རྩོད་གླེང་དངོས་གཞི་མགོ་ཚུགས།
དང་པོ་བརྗོད་གཞི་བཏིང་མཁན་སྒྲུབ་ཕྱོགས་ཀྱིས་སྐར་མ་བཅུ་ལ་བརྗོད་གཞི་བཀོད། དེ་བཞིན་དགག་ཕྱོགས་ཀྱིས་ཀྱང་སྐར་མ་བཅུ་ལ་བརྗོད་གཞི་བཏིང་། དེ་ནས་རིམ་པ་གཉིས་པ་གསུམ་པ་རྣམས་ཀྱིས་དགག་སྒྲུབ་ཀྱི་རྩོད་གླེང་གནང་། དེ་ཡང་བརྗོད་གཞི་དང་བསྟུན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་མདོ་རྒྱུད་ལ་སོགས་པ་དཔང་པོ་གནང་སྟེ་ལུང་རིགས་ཀྱིས་བརྒྱན་ཏེ་རྩོད་གླེང་ཚགས་ཚུད་དང་། ཚ་ཚ་འུར་འུར་ངང་ནས་གནང་། མཐར་དགག་སྒྲུབ་གཉིས་ཀས་མཇུག་བསྡོམས་ཀྱི་གཏམ་བཤད་སྐར་མ་བཅུ་རེ་བྱས་ཏེ་མཇུག་གྲུབ་པར་གནང་། དེ་ནས་རྩོད་གླེང་གནང་མཁན་རྣམ་པར་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་འགན་འཛིན་བླ་མ་ཀརྨ་ཆོས་གྲགས་ལགས་ཀྱིས་བཀྲ་ཤིས་པའི་དར་དཀར་ཉིན་མོ་བདེ་ལེགས་སོགས་གནང་། ༧ སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་མཆོག་ལ་མཇལ་དར་ཕུུལ་ཞིང་། མཐར་སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ལྷན་དུ་སྐུ་པར་སྒྲོན་ཏེ་བཀྲ་ཤིས་ལོ་ལེགས་ངང་མཇུག་ལེགས་པར་གྲུབ་བོ། །
གནས་ཚུལ་འཚོལ་བསྡུ་བ་ཐུབ་བསྟན་སྦྱིན་པས་སྤྱི་ལོ་ ༢༠༢༥/༢/༧ ཉིན་བྲིས་སོ། །
