དེ་ཡང་འཛམ་གླིང་ས་ཡི་ལྟེ་བ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་འགྲོ་མགོན་བཀའ་བརྒྱུད་པའི་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པའི་ཉིན་མཐའ་མའི་མཛད་རིམ་ལྟར། སྒྲུབ་བརྒྱུད་བསྟན་པའི་མཛེས་རྒྱན་དམ་པར་གྱུར་པ་རྒྱལ་མཆོག་བཅུ་དྲུག་པའི་ཐུགས་སྲས་བཞི་ཡོད་པ་ལས་ཉི་མ་དང་ཟླ་བ་ལྟ་བུར་བསྟན་འགྲོའི་དཔལ་མགོན་དུ་འཚོ་ཞིང་བཞུགས་པ་ནི་༧བྱམས་མགོན་ཏ་ཡི་སི་ཏུ་རིན་པོ་ཆེ་མཆོག་དང་། ༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་པ་ཆེན་པོ་རྣམ་གཉིས་ཡིན། རིན་པོ་ཆེ་རྣམ་པ་གཉིས་སྐུ་ཚེ་བརྟན་དགོས་པ་ནི་སྒྲུབ་བརྒྱུད་ཀཾ་ཚང་པའི་རྗེས་སུ་བཞུགས་པ་ཡོངས་ཀྱི་དོན་གྱི་སྙིང་པོ་ལྟ་བུར་གྱུར་ཡོད་པས། ཐེངས་འདིར་སངས་རྒྱས་ཀརྨ་པའི་བཀའ་དགོངས་ལམ་སྟོན་གཞིར་བཟུང་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༢ ཉིན་སྔ་དྲོའི་ཆར་བརྟན་བཞུགས་མཛད་རིམ་ཁག་མཇུག་ལེགས་པར་གྲུབ་ནས།
ཉིན་རྒྱབ་དབུ་ཞྭ་མཐོང་གྲོལ་བསྒྲོན་མཇལ་དང་ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་བཅས་འདུ་ཚོགས་སྟོང་ཕྲག་ལྷག་ལ་བསྩལ་གནང་མཛད། མཐོང་གྲོལ་དབུ་ཞྭའི་བརྒྱུད་རིམ་ནི་སྤྱིར་རྒྱལ་བ་སྲས་བཅས་རྣམས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་གྱིས། སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་གསུང་ཐུགས་སོགས་མཐོང་ཐོས་དོན་ལྡན་གྱི་མཛད་ཕྲིན་བསམ་གྱིས་མི་ཁྱབ་པ་མངའ་བ་ལས། དབུ་ཞྭ་མཐོང་གྲོལ་བསྒྲོན་མཇལ་གྱི་མཛད་པ་ནི་ཁྱད་པར་འཕགས་པ་ཞིག་སྟེ། གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་འགོད་པ་དང་ཐར་པའི་ས་བོན་འདེབས་པའི་ཡོན་ཏན་དུ་མ་དང་ལྡན་ལ། དེ་ཡང་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རྒྱལ་བ་ཡབ་སྲས་དག་གི་རྣམ་པ་ཐར་པ་ཐུན་མོང་བ་ཞིག་ཡིན་ཅིང་། དབུ་ཞྭའི་བྱུང་རབས་ལྟར་ན། མདོ་མཚན་ཉིད་ཐེག་པ་ལས་ནི། བདག་ཅག་གི་སྟོན་པ་ལྷའི་བུ་དམ་པ་ཏོག་དཀར་པོ་དགའ་ལྡན་གྱི་གནས་ནས་འཛམ་བུའི་གླིང་དུ་བྱོན་པ་ན། རང་གི་ཅོད་པན་རྒྱལ་བ་བྱམས་པའི་དབུ་ལ་བཅིངས་ཏེ་རྒྱལ་ཚབ་ཏུ་དབང་བསྐུར་ནས། དེང་སང་དགའ་ལྡན་དུ་མཆོག་གི་སྤྲུལ་པའི་སྐུའི་མཛད་པ་བཅུ་གཉིས་ཀྱི་མཛད་པ་དང་པོ་སྟོན་བཞིན་བཞུགས་པར་བཤད་ལ།
གསང་སྔགས་རྡོ་རྗེ་ཐེག་པ་ལས་ནི། རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་གིས་སྲིད་པ་དང་ཞི་བ་གཉིས་ཀྱི་མཐའ་གཉིས་ལས་རྣམ་པར་རྒྱལ་བ་མི་གནས་པའི་མྱང་འདས་ཀྱི་སེང་གེའི་ཁྲི་ཆེན་པོར། ཁམས་གསུམ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེན་པོར་མངའ་གསོལ་བ་སྟེ། དཔལ་རྒྱལ་དབང་ཀརྨ་པའི་ཞྭ་ནག་ནི་སྔོན་གྱི་ཚེ་མཁའ་འགྲོ་མ་བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་ཀྱི་དབུ་སྐྲ་ཉག་མ་རེ་རེ་ལས་གྲུབ་པའི་ཅོད་པན་གྱིས་དབང་བསྐུར་བ་དེ། སྒྲིབ་པ་སྲབ་པ་རྣམས་ཀྱི་ངོར་རྒྱལ་བའི་དབང་པོའི་སྐྱེས་རབས་ཀྱི་ཕྲེང་བ་ཐམས་ཅད་ཀྱི་དབུར་འབྲལ་མེད་དུ་ཡོད་མོད་ཀྱི། སྒྲིབ་པ་སྟུག་པོའི་ཚང་ཚིང་དུ་ཉལ་བའི་བྱིས་པ་དག་གི་ངོར་ཕན་གདགས་པའི་སླད་དུ། ངོ་བོ་དེ་མཚོན་བྱེད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞྭ་ནག་པོ་གསེར་གྱི་མདོངས་ཅན་བཞེས་ཤིང་། སློབ་མའི་གཙོ་བོ་འགའ་ཡང་། རྒྱལ་བ་ཉིད་དང་རྣམ་དབྱེ་མེད་པར་བསྟན་འགྲོའི་དོན་ཆེན་སྒྲུབས་ཤིག་པའི་བཀའ་རྟགས་ཀྱི་ཅོད་པན་ལ་ཐུགས་བསྐྱེད་རྟེན་འབྱུང་སྨོན་ལམ་དང་བཅས་ཏེ། ཆོས་ཀྱི་རྒྱལ་སར་མངའ་གསོལ་བའི་ལུགས་སྲོལ་ལས་ཚུར་དར་བར་མངོན་ལ།
དུས་དེ་ནས་བཟུང་ལུང་བསྟན་དང་ཐུགས་རྗེ་བྱིན་རླབས་ཁྱད་པར་དུ་འཕགས་པ་དྲུང་ན་རིམ་ལས་དྲུག་པ་རྒྱལ་མཆོག་ཆོས་གྲགས་རྒྱ་མཚོའི་སྐབས་སུ། བཀའ་རྟགས་དབང་གི་ཅོད་པན་དབུར་གསོལ་ན་རྒྱལ་བསྟན་འཕེལ་བའི་རྟེན་འབྲེལ་ཡོད་ལུགས་ལུང་བསྟན་ཡོད་པ་ལྟར། རྒྱལ་ཚབ་སྐུ་ཕྲེང་གཉིས་པ་བཀྲ་ཤིས་རྣམ་རྒྱལ་ལ། བླ་མ་དགོངས་པ་འདུས་པའི་དབུ་ཞྭ་མཐོང་གྲོལ་བསྒྲུབས་ཏེ། གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་ངོ་བོར་བྱིན་གྱིས་བརླབས་ནས། སྟོན་འཁོར་དགོངས་པ་ཐ་མི་དད་པར་ཞྭ་དམར་ནག་གཉིས་གང་མཇལ་ཡང་ཁྱད་པར་མ་མཆིས་པའི་ཞལ་བཞེས་གནང་ཞིང་། རྒྱལ་བསྟན་སྤྱི་དང་བྱེ་བྲག་སྒྲུབ་བརྒྱུད་ཀྱི་རིང་ལུགས། ཁྱད་པར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་དོན་བརྒྱུད་སྙིང་པོའི་རིང་ལུགས་འཛིན་སྐྱོང་སྤེལ་བའི་རྟེན་འབྲེལ་ལས་བྱུང་བར་གསལ་ལོ།
ཕན་ཡོན་ནི། གྲུབ་ཆེན་ཀརྨ་པཀྴིའི་ཞལ་སྔ་ནས། །ཞྭ་དང་མི་རུ་འབྲེལ་བ་ན། །གང་མཐོང་བ་ལ་ངན་སོང་མེད། ཅེས་གསུངས་པ་ལྟར། མཐོང་གྲོལ་དབུ་ཞྭ་རིན་པོ་ཆེའི་མཇལ་ཁ་འདི་ནི་དམ་ཚིག་དང་ལྡན་མི་ལྡན། ལོག་ལྟ་ཅན་ཡིན་མིན་ཁྱད་པར་མེད་པར། ཐ་ན་དུད་འགྲོ་ལྟ་བུས་མཐོང་ནའང་ངན་འགྲོའི་སྐྱེ་སྒོ་གཅོད་པར་གསུངས་པ་དང་། སྐལ་ལྡན་གྱི་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱིས་དད་པས་ཡིད་ལ་དྲན་པ་དང་། ཟང་ཟིང་གི་འབུལ་བ་རང་གི་ནུས་ཚོད་དང་བསྟུན་ནས་འབུལ་བ་དང་། ཡིད་མོས་གུས་རྩེ་གཅིག་པས་མཇལ་ཞིང་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ནས། ཕྱག་སྐོར་བྱ་བ་དང་། ཐ་ན་མེ་ཏོག་རྐང་གཅིག་གཏོར་བས་ཀྱང་གནས་སྐབས་ངན་སོང་ལས་ཐར་ཅིང་མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་སོགས་ཕན་ཡོན་གཞལ་ཏུ་མ་མཆིས་པར་བཀའ་བརྒྱུད་གོང་མ་རྣམས་ཀྱིས་གསུངས་སོ།
དེ་ནས་༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་པ་ཆེན་པོས་མཆོག་ནས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་རར་སེར་སྐྱ་མི་མང་སྟོང་ཕྲག་དུ་མ་འཛོམས་པ་ལ་ཀརྨ་པ་སྐུ་ཕྲེང་གསུམ་པ་རྗེ་རང་བྱུང་རྡོ་རྗེ་ཡིས་སྲོལ་གཏོད། ཀརྨ་པ་མི་བསྐྱོད་རྡོ་རྗེས་སོགས་ཀྱི་སྐབས་ནས་དར་རྒྱས་བྱུང་བའི་ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་ཟབ་མོོ་ལེགས་པར་བསྩལ་ཏོ། །
རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གནས་ཚུལ་ཕྱོགས་བསྡུས་པ་ཀརྨ་བསོ་རྒྱལ་པས། ༡༢/༠༢/༢༠༢༥