སྤྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༢ ཉིན་གྱི་སྔ་དྲོ། སྨོན་ལམ་ཉིན་བརྒྱད་པ།
༧ དཔལ་རྒྱལ་དབང་༧ ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧ སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུུང་གཽ་ཤྲི་པ་ཆེན་པོ་མཆོག་རྣམ་པ་གཉིས་ལ་ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་གསལ་བསྒྲགས་སྔོན་དུ་སོང་ཟིན་ན་ཡང་། སྐབས་དེར་༧ བྱམས་མགོན་ཏཱ་ཡི་སི་ཏུ་རིན་པོ་ཆེ་དགུན་གྱི་བཅད་རྒྱར་བཞུགས་ཟིན་པ་དང་སྟབས་ཁེལ་ནས་ད་ལན་སྨོན་ལམ་ཚོགས་ཐོག་ཏུ་དངོས་སུ་ཕེབས་ཐུབ་མེད་ཀྱང་བཞུགས་ཁྲིའི་ཐོག་སྐུ་པར་མཐོང་གྲོལ་གྱི་མདུན་དུ་བརྟན་བཞུགས་ཕུལ། ༧ སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུུང་གཽ་ཤྲི་པ་ཆེན་པོ་མཆོག་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཕེབས་མཛད་དེ་སྐུ་གསུམ་ངོ་སྤྲོད་ལ་སོགས་བཀའ་ཆོས་བཀའ་དྲིན་སྩལ།
རིན་པོ་ཆེ་རྣམ་པ་གཉིས་དགུང་ལོ་བདུན་ཅུ་ལ་ཕེབས་སྐབས་ནས་༧ རྒྱལ་དབང་མཆོག་གིས་བརྟན་བཞུགས་འདེགས་འབུལ་ཞུ་དགོས་པར་བཀའ་སློབ་ཕེབས་ཀྱང་སྟབས་འགྲིག་མིན་གྱིས་ད་བར་ཕྱིེར་འགྱངས་བྱུང་། ད་ལན་སྤྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༢ ཉིན་ཞོགས་ཐུན་ལ་༧ སྐྱབས་མགོན་སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲི་པ་མཆོག་དང་། ༧ སྐྱབས་རྗེ་ཟུར་མང་གར་དབང་སོགས་སྐྱབས་རྗེ་རྣམ་པ་དང་། དེ་བཞིན་དགེ་འདུན་འདུས་པ་རྒྱ་མཚོ་དང་དད་ལྡན་དགེ་བསྙེན་ཕོ་མོ་རྣམས་ཆོས་རར་བཞུགས་ཟིན་རྟིང་། ༧ སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་གིས་༧ རྒྱལ་མཆོག་བཅུ་བདུན་པ་ཆེན་པོས་ཕྱོགས་བསྒྲིགས་མཛད་པའི་ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་སྒོ་ནས་དབང་སྒྲུབ་གནང་། གཞན་བརྟན་བཞུགས་འདི་ཡི་བླ་མ་གཙོ་བོ་འབོ་དཀར་མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་དབུས་པའི་འདུས་མང་ནས་ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོ་ག་ཞལ་འདོན་གནང་སྟེ་བརྟན་བཞུགས་སྒྲུབ། ཚོགས་ཐེངས་གཉིས་པར་གདན་ས་ཁག་གི་ཆོས་ཁྲིམས་པ་རྣམ་པས་བདུག་སྤོས་ཀྱིས་སྣ་དྲངས། སྤོས་ཕོར་དང་རྒྱ་གླིང་བཞི་སྒྲིག །དེ་བཞིན་སྡོམ་གསུམ་སྡེ་སྣོད་འཛིན་པ་འབོ་དཀར་མཁན་པོ་རིན་པོ་ཆེ་བློ་གྲོས་དོན་ཡོད་དང་། ༧ སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ། ༧ སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ། ༧ སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་རྣམ་པས་དྲི་ཞིམ་སྤོས་ཀྱིས་མདུན་བསུས་ཏེ། ༧བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་དང་། ༧ སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ཐོག་ཏུ་གདན་དྲངས། བརྟན་བཞུགས་འདི་ཡི་རྡོ་རྗེ་སློབ་དཔོན་གཙོ་བོ་མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་ལགས་ཀྱིས་ཁྲུས་གསོལ་ནས་དབུ་བཙུགས་ཤིང་དངོས་གཞི་བརྟན་བཞུགས་འབུལ་བའི་སྟ་གོན་རྣམས་ལེགས་པར་གྲུབ་མཛད། རིན་པོ་ཆེ་རྣམ་པ་གཉིས་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་འཚོ་ཞིང་བཞུགས་པའི་གསོལ་བ་འདེབས་པའི་མནྜལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་རྣམས་ཐོག་མར་བཀའ་བརྒྱུད་སྨོན་ལམ་དང་། དེ་ནས་མཚུར་སྒར་བླ་བྲང་། དཔལ་སྤུངས་བླ་བྲང་། རྒྱལ་ཚབ་བླ་བྲང་། འཇམ་མགོན་བླ་བྲང་སོགས་ཀྱིས་བཏེགས་ཏེ། ༧ སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེའི་ཕྱག་ནས་རིམ་པར་འདེགས་འབུལ་ཞུས། དེ་ནས་བསྟན་པ་སེམས་ཅན་གྱི་དོན་དུ་སྐུ་ཚེ་ཡུན་འཚོའི་ཞལ་བཞེས་ཟབ་མོ་ཐོབ་པ་དང་། བཀའ་དྲིན་བཏང་རག་གི་ཡོན་དུ་མནྜལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་བཀའ་བརྒྱུད་སྨོན་ལམ་ཚོགས་པ་དང་། བཀའ་བརྒྱུད་དགུན་ཆོས་ཚོགས་པ། འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཚོགས་པ་རྣམས་ཀྱིས་བཏེགས་ཏེ། ༧ སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་ཀརྨ་དཔལ་ལྡན་བློ་གྲོས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་འདེགས་འབུལ་ཞུས་མཚམས། སྙན་འཇེབས་དབྱངས་དང་བཅས་པས་བཏང་རག་ཚོགས་མཆོད་ཕུལ་ཏེ་འདུས་མང་ཡོངས་ལ་ཚོགས་འགྱེད་གནང་།
མཐའ་རྟེན་བཀྲ་ཤིས་རྫས་བརྒྱད་དང་རྟགས་བརྒྱད་ལ་སོགས་པ་༧ སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེའི་ཕྱག་ནས་འདེགས་འབུལ་ཞུས། དེ་རྗེས་བརྟན་བཞུགས་ཀྱི་ཞལ་འདོན་གང་འཚམས་གྲུབ་རྗེས་ ༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་དང་། ༧ སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་རྣམ་པ་གཉིས་སྤོས་རྒྱ་དང་བཅས་བཞུགས་གནས་སུ་གདན་དྲངས། སླར་༧ ཟུར་མང་གར་དབང་དབུས་པའི་སྐྱབས་རྗེ་རིན་པོ་ཆེ་རྣམ་པ་བཞུགས་ཐོག་ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོ་ག་བཀྲ་ཤིས་བསྔོ་སྨོན་ལ་སོགས་པས་མཇུག་བསྡུས་ཏེ་ཉིན་གུང་གི་གསོལ་ཚིགས་ལ་གྲོལ་སོང་།།
བརྟན་བཞུགས་འབུལ་དགོས་པའི་རྒྱུ་མཚན།
སྨོན་ལམ་ཉིན་བདུན་པ་སྤྱི་ཚེས་ ༡༡ ཉིན་རྒྱལ་དབང་མཆོག་གི་དམིགས་བསལ་བཀའ་སློབ་སྐབས་གསུང་དོན། སང་ཉིན་རིན་པོ་ཆེ་རྣམ་པ་གཉིས་ལ་བརྟན་བཞུགས་འབུལ་རྒྱུ་རེད། ༧ བྱམས་མགོན་སི་ཏུ་རིན་པོ་ཆེ་དང་། ༧ སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་རྣམ་པ་གཉིས་ལ་བརྟན་བཞུགས་འབུལ་ཡ་རེད། བརྟན་བཞུགས་དེ་རྩ་གསུམ་དྲིལ་སྒྲུབ་ཅེས་ཀར་ལུགས་ཐུན་མོང་མ་ཡིན་པ་རང་བྱུང་རྡོ་རྗེའི་དགོངས་གཏེེར་རྩ་གསུམ་དྲིལ་སྒྲུབ་ཀྱི་སྒོ་ནས་བརྟན་བཞུགས་འབུལ་རྒྱུ་རེད། བརྟན་བཞུགས་འབུལ་བའི་ཆོ་ག་དེ་ངས་ཟླ་བ་ལྔ་དྲུག་ལ་དཀའ་ལས་བརྒྱབ་ཏེ་བྲིས་པ་ཡིན། དེ་རིང་འགྲེལ་བཤད་རྒྱག་ཡ་དུས་ཚོད་མི་འདུག་སྟེ་གང་ལྟར་ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་དེ་ཐུན་མོང་མ་ཡིན་པའི་བྱིན་རླབས་ཀྱི་ཚན་ཁ་ཡོད་བསྡད་པ་ཞིག་དང་། དེ་བཞིན་ཀརྨ་ཀཾ་ཚང་གི་ཕ་ཆོས་ཐུན་མོང་མ་ཡིན་པ་ཆགས་བསྡད་ཡོད་རེད། དེའི་ཐོག་ནས་བརྟན་བཞུགས་ཕུལ་ནས། གཙོ་བོ་རིན་པོ་ཆེ་རྣམ་པ་གཉིས་རྒྱལ་དབང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེའི་སྲས་བཞི་ཞེས་ཞུ་གི་རེད། དེང་སང་གཉིས་མ་གཏོགས་བཞུགས་ཡོད་མ་རེད། རིན་པོ་ཆེ་རྣམ་པ་གཉིས་སྐུ་ཚེ་ཞབས་པད་བརྟན་དགོས་པ་དེ་ང་རང་ཚོ་ཀརྨ་ཀཾ་ཚང་གི་བསྟན་འགྲོའི་དོན་ཆེན་ཞིག་ཆགས་བསྡད་ཡོད་རེད། དེ་ལ་ཚང་མས་ཐུགས་སྨོན་སྐྱབས་མཇུག་གནང་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། ཅེས་ཆོས་གལ་ཆེན་པོ་ཀཾ་ཚང་གི་ཕ་ཆོས་ཐུན་མོང་མ་ཡིན་པ་རྩ་གསུམ་དྲིལ་སྒྲུབ་ཀྱི་སྒོ་ནས། བླ་མ་རྩ་ཆེན་པོ་རིན་པོ་ཆེ་རྣམ་པ་གཉིས་ལ་བརྟན་བཞུགས་འབུལ་དགོས་པ་གལ་གནད་ཆེན་པོ་ཡིན་པ་བཀའ་སློབ་ཕེབས།
སྤྱིར་བཏང་ཁོང་རྣམ་པ་གཉིས་བཀའ་དྲིན་ཆེ་བའི་རྒྱབ་ལྗོངས་ཟུར་ཙམ་ཞུས་ན། སྔར་དུས་རབས་བཅུ་བདུན་པའི་ནང་དུ་ཀཾ་ཚང་གི་བསྟན་པ་ལ་གོད་ཆགས་ཆེན་པོ་བྱུང་། ཀཾ་ཚང་གི་བསྟན་པའི་སྲོག་འཛིན་རྒྱལ་མཆོག་བཅུ་པ་ཆོས་དབྱིངས་རྡོ་རྗེ་སྐུ་སྲོག་ལ་ཉེ་བ་བྱུང་སྟེ་ཡུལ་བུད་ནས་བྲོས་བྱོལ་ལ་ཕེབས་དགོས་ཐུག །ཀཾ་ཚང་གི་བསྟན་པ་སྟོང་ལ་ཉེ་བའི་སྐབས་སུ་དབུས་གཙང་གི་ཕྱོགས་ནས་རྒྱལ་ཚབ་གྲགས་པ་མཆོག་དབྱངས་(༡༦༡༧-༡༦༥༨)ཀྱིས་གདན་ས་ཡངས་པ་ཅན་གྱི་མཁན་རབས་བཅུ་དགུ་པ་ཆོས་རྗེ་ཀརྨ་ཕྲིན་ལས་(༡༦༣༡-༡༧༠༡(༡༧༠༠) མཆོག་ལ་དབང་ལུང་མན་ངག །ཁྲིད་གདམས་ངག་རྣམས་བུམ་པ་གང་བྱོས་ཀྱི་ཚུལ་དུ་གནང་ཞིང་དབུས་གཙང་ཕྱོགས་སུ་བསྟན་པ་རྒྱུན་མ་ཆད་ཙམ་བྱུང་བ་ནི་གཙོ་བོར་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱིས་བཀའ་དྲིན་ཉག་ཅིག་ཏུ་འཁུམས། དེ་བཞིན་ཁམས་ཕྱོགས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས་(༡༧༠༠-༡༧༧༤)བྱོན་ཏེ་ཁམས་ཕྱོགས་ཀྱི་དགོན་སྡེ་མང་པོ་ཞིག་གསོས་གནང་། དབུས་ཕྱོགས་སུ་ཕེབས་ཏེ་གཞུང་དགའ་ལྡན་ཕོ་བྲང་གི་སྐུ་དྲག་མང་པོར་ངོ་ཆེན་ཞུས་ཏེ་སླར་ཀཾ་ཚང་གི་བསྟན་པ་རྒྱུན་སྐྱོང་ཆོག་པ་བྱུང་ཞིང་། སྔར་ཡང་ཁོང་རྣམ་པ་གཉིས་ཀ་སྒྲུབ་བརྒྱུད་ཀྱི་བསྟན་པར་བཀའ་དྲིན་བརྗོད་ལས་འདས་པ་ཞིག་ཡིན།
དེ་བཞིན་དུས་རབས་ཉི་ཤུ་པའི་ནང་དུ་བོད་ལ་དུས་འགྱུར་བྱུང་། བླ་ཆེན་རྣམ་པ་རང་ཡུལ་བཞག་སྟེ་གཞན་ཡུལ་གནམ་ས་མ་གཏོགས་ངོ་མི་ཤེས་པའི་ཡུལ་དུ་ཕེབས་དགོས་ཐུག །སྐབས་དེར་བྱམས་མགོན་རྡོ་རྗེ་འཆང་དང་། སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་རྣམ་པ་གཉིས་སྐུ་ན་ཆུང་ཆུང་ཡིན་ན་ཡང་། ༧ དཔལ་རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རང་བྱུང་རིག་པའི་རྡོ་རྗེའི་ཐུགས་རྗེ་གཟིགས་པ་ཆེན་པོའི་འོག་ཏུ་འཚར་ལོང་བྱུང་། ཡབ་རྗེ་བླ་མ་དམ་པ་རྒྱལ་མཆོག་བཅུ་དྲུག་པ་ཆེན་པོ་ལས་ཕྱི་སོ་ཐར་གྱི་སྡོམ་པ། ནང་བྱང་ཆུབ་སེམས་ཀྱི་སྡོམ་པ། གསང་བ་སྔགས་ཀྱི་སྡོམ་པ་སོགས་སྒྲུབ་བརྒྱུད་གོང་མའི་བརྒྱུད་པ་ཚིག་རྒྱུད་དང་། དོན་རྒྱུད་ཡོད་ཚད་ཐུགས་རྒྱ་མཚོ་ཆེན་པོར་བསྐྱིལ་མཛད། རྗེས་འཇུག་གདུལ་བྱ་རྣམས་ལ་རིམ་གྱིས་སྨིན་གྲོལ་གྱི་གདམས་པ་མ་ལུས་པ་སྩལ་མཛད་པས། སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོ་ཕྱོགས་བཅུར་དར་བ་མཛད་པས་འཛམ་གླིང་ཤར་ནུབ་ཀུན་ཏུ་སྒྲུབ་བརྒྱུད་པས་མ་ཁྱབ་མེད་པ་བྱུང་། དེ་བཞིན་༧ རྒྱལ་མཆོག་བཅུ་དྲུག་པ་ཞིང་ལ་གཤེགས་རྗེས་ཁོང་རྣམ་པ་གཉིས་ཐུགས་དགོངས་གཅིག་མཐུན་གྱིས་༧ རྒྱལ་མཆོག་གོང་མའི་ཞལ་ཆེམས་གཞིར་བཟུང་ནས་ ༧རྒྱལ་མཆོག་བཅུ་བདུན་པ་ཁྲི་འདོན་མངའ་གསོལ་མཛད་པ་མ་ཟད། སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་ཁྲིད་གདམས་ངག །དབང་ལུང་མན་ངག་རྣམས་བུམ་པ་གང་བྱོས་ཀྱི་ཚུལ་ཕུལ་ཏེ་བསྐྱེད་སྲིང་ཞུས་པས། ད་ལྟ་འཛམ་གླིང་ཤར་ནུབ་གང་སར་རྒྱལ་དབང་ཀརྨ་པ་ཞེས་ཀུན་གྱིས་བསྟོད་བཀུར་དང་། བསྔགས་བརྗོད། གུས་འདུད་ཞུས་སའི་ཡུལ་འདི་ལྟ་བུ་བྱུང་བ་འདི་དག་ ༧ བྱམས་མགོན་རྡོ་རྗེ་འཆང་དང་། ༧ སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་རྣམ་པ་གཉིས་ཀྱི་སྐུ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཁོང་རྣམ་པ་གཉིས་སྐུ་ཚེ་ཡུན་དུ་བརྟན་དགོས་ཤིང་། དེང་གི་དུས་སུ་ཟབ་ཅིང་གསང་བའི་ཆོས་རྣམས་ཁ་ཆོས་དང་སླ་ཆོས་ཕྱིན་པའི་སྐབས་འདིར། ཁོང་རྣམ་པ་གཉིས་ཀྱིས་རྒྱུད་སྡེ་དང་། ཁྲིད་མན་ངག་རྣམས་སུ་ཇི་ལྟར་གསུངས་པ་བཞིན་ཆོས་ཆོས་སུ་འདོམས་པར་མཛད་པ་འདི་གཅིག་པུས་ཀྱང་སྐུ་ཚེ་ཡུན་དུ་བརྟན་ན་རྒྱལ་བསྟན་རྒྱུན་བསྲིངས་བར་འདུག་པས་བརྟན་བཞུགས་འབུལ་བ་གལ་ཆེན་ཞིག་ཡིན་ནོ། །
ཞེས་གནས་ཚུལ་ཉུང་བསྡུས་སུ་ཐུབ་བསྟན་སྦྱིན་པས་བྲིས།