KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༩ པའི་བཀའ་འགྱུར་ཆོས་སྐོར་དང་དག་སྒྲོག་མཛད་པ།

རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༩ པའི་བཀའ་འགྱུར་ཆོས་སྐོར་དང་དག་སྒྲོག་མཛད་པ།

སྤྱི་ལོ་༢༠༢༥/༠༢/༠༩ སྔ་དྲོ།

འཕགས་ཡུལ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པའི་ཉིན་ལྔ་པའི་སྔ་དྲོ། སྤྱི་ལོ་ ༢༠༢༥/༠༢/༠༩ ཉིན་དགེ་འདུན་བཙུན་པ་དང་བཙུན་མ། དད་ལྡན་དགེ་བསྙེན་ཕ་མ་རྣམས་གཉིད་འོད་གསལ་ལས་བཀྲོག་པའི་འཁར་རྔ་རྡུང་པ་ལྷན་དུ་མལ་ལས་བཞེངས། ཁྲུས་དང་གཙང་སྦྲ་ལ་རོལ། གོས་ངུར་སྨྲིག་བགོས་ཏེ་རིམ་པར་སྨོན་ལམ་ཆོས་ར་ཆེན་མོར་གདན་འཛོམས་རྟིང་། ༧ སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེས་ཐེག་ཆེན་གསོ་སྦྱོང་གི་སྡོམ་ལུང་གནང་། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་ཞལ་འདོན་གསུང། གསོལ་ཇ་སྐབས་སྤྱི་ཁྱབ་ཆོས་ཁྲིམས་པ་མཁན་པོ་སྐལ་བཟང་ཉི་མ་མཆོག་གིས་བཀའ་འགྱུར་ཆོས་སྐོར་དང་། དག་སྒྲོག་གི་སྐོར་ལ་བཀའ་སློབ་ཕེབས་དོན། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་པའི་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་གསུངས་པ་ལྟར་དུ། ང་རང་ཚོ་ཚེ་རབས་ཐོག་མེད་ནས་འཁོར་བའི་གནས་སུ་མ་རིག་པའི་མུན་པ་སྟུག་པོས་སྒྲིབ། ལས་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་ནས་འཁྱམས་བསྡད་པའི་སྐབས་སུ། བླང་དོར་གྱི་མིག་ཕྱེ་མཁན་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཡིན་པ་དང། དེ་ཉིད་ད་ལྟ་ཞལ་དངོས་སུ་མ་བཞུགས་ཀྱང་། སྟོན་པའི་སྐུ་ཡི་སྐུ་ཚབ་གསུང་གི་གསུང་ཚབ་དེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འདི་ཉིད་ཡིན་ཞིང་། སྟོན་པ་སངས་རྒྱས་ཀྱིས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ་ང་ཉིད་ཡི་གེའི་གཟུགས་སུ་གནས་གསུང་པས། ང་ཚོ་ལ་སངས་རྒྱས་ཀྱི་བླང་དོར་གྱི་གནས་ཆ་ཚང་ད་ལྟ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འདི་ཡི་ཐོག་ནས་རྟོགས་ཐུབ་པ་ཡིན་དུས། འདི་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་ནས་དགའ་དད་གུས་པ་ཆེན་པོས་སྒོ་ནས་མོས་པ་བྱེད་དགོས་རེད་པ་ཅེས་བཀའ་ཕེབ་དོན་ལྟར་དུ། བཀའ་འགྱུར་ཆོས་སྐོར་དང་དག་སྒྲོག་གནང་གིན་ཡོད་རེད། དེ་བཞིན་ཡུལ་ལ་ནད་ཡམས་དམག་འཁྲུག་ལ་སོགས་པ་བྱུང་སྐབས་བཀའ་འགྱུར་ཆོས་སྐོར་དང་དག་སྒྲོག་གནང་སྟེ་དེ་དག་ཞི་བའི་ལོ་རྒྱུས་ཀྱང་ཡོད་རེད། ལྷག་པར་དུ་༧ རྒྱལ་དབང་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་བཀའ་གང་ཕེབས་ཡོད་རེད་ཟེར་ན། རྣམ་པ་ཚོ་བཀའ་འགྱུར་ཆོས་སྐོར་ལ་ཕེབས། གོམ་པ་རེ་རེ་སྤོ་བའི་སྐབས་སུ་སྔོན་ཆོས་རྒྱལ་ལོ་པཎ་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས། དཀའ་བ་བརྒྱ་ཕྲག་དཔག་ཏུ་མེད་པ་སྤྱད། སངས་རྒྱས་ཀྱིས་གསུང་པའི་ཆོས་དེ་རྒྱ་གར་གྱི་སྐད་ནས་བོད་སྐད་ལ་བསྒྱུར། དེ་སོ་སོའི་ཕྲག་པ་ལ་ཁྱེར་ཏེ་ཧི་མ་ལ་ཡི་རྫ་རི་དང་བྲག་རི་བརྒལ། གཉན་འཕྲང་གི་ཉེན་ཁ་ལ་མ་འཛེམ་པར་གོམ་པ་རེ་རེ་བཞིན་དུ་རྒྱ་གར་འཕགས་ཡུལ་ནས་ཁ་བ་གངས་ཅན་ལྗོངས་དང་། དེ་བཞིན་རྒྱ་ནག་གི་ཡུལ། ཐེ་ལན་ཌི་ལ་སོགས་པ་འཛམ་གླིང་ཤར་ནུབ་ཀུན་ཏུ་དམ་པའི་ཆོས་དར་བ་མཛད་པ་ལྟར་རྣམ་པ་ཚོ་ཆོས་སྐོར་ལ་ཕེབས། གོམ་པ་རེ་རེ་བཞིན་དུ་སྤོ་བའི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་དེ་འཛམ་གླིང་ཡུལ་གྲུ་མཐའ་ཡས་པར་དར་ཞིང་རྒྱས་པར་སྤེལ་བའི་ཐུགས་སྨོན་རྒྱ་ཆེན་པོ་གནང་ནས་ཕེབས་ཡ་དང་། ཞལ་ནས་སངས་རྒྱས་ཀྱི་མཚན་སྔགས་བགྲང་གིན་བགྲང་གིན་ཕེབ་དགོས་ཞེས་༧ རྒྱལ་དབང་ཡིད་བཞིན་ནོར་བུས་ཇི་ལྟར་བཀའ་ཕེབས་པ་ལྟར། རྣམ་པ་ཚོས་ཀྱང་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་གང་ཆེའི་སྒོ་ནས་ཕེབས་རོགས་གནང་ཞེས་སྐྱབས་འཇུག་དང་རེ་སྐུལ་ཞུ་ཡ་ཡིན། ཞེས་དང་། བཀའ་འགྱུར་ཀློག་འདོན་སྐབས་འཕྲོ་བརླག་དང་། ཆུད་ཟོས་སུ་མ་སོང་བ་གནང་དགོས་སྐོར་སོགས་༧ དཔལ་རྒྱལ་དབང་ཀརྨ་པའི་བཀའ་དགོངས་གཞི་བཟུང་གི་བཀའ་སློབ་ལམ་སྟོན་གནང་།

དེ་ནས་ཐུབ་ཆོག་དཔལ་གྱི་སྙིང་པོ་ལས། ཐུན་མོང་གི་སྔོན་འགྲོ་བཞི་ནས་རྟེན་འབྲེལ་སྙིང་པོའི་སྔགས་མ་གྲུབ་ཀྱི་བར་གསུང་མཚམས་སུ། ༧ སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་དང་། ༧ སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ། ༧ སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་རྣམ་པ་མཆོད་རྟེན་ལ་ཆིབས་བསྒྱུར་བསྐྱངས་སྐབས་རྡོར་གདན་བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་ཚོགས་པས་བྱོན་བསུའི་མཇལ་དར་ཕུལ། ཆུ་ཚོད་བརྒྱད་པའི་ཐོག་རྟེན་མ་ཧཱ་བྷོ་དྷིའི་མཐོང་གྲོལ་སྐུ་བརྙན་གྱི་དྲུང་དུ་རོ་ནུས་ཕུན་སུམ་ཚོགས་པའི་ཤིང་ཏོག་དང་། སྐྱེ་འགྲོའི་འབྱུང་ཁམས་གསོ་བའི་སྨན་སྣ་རིགས་སྣ་ཚོགས་པས་བཀང་བའི་ལྷུང་བཟེད་འདེགས་འབུལ་ཞུས། རྟེན་མ་ཧཱ་བྷོ་དྷིའི་མཆོད་སྡོང་རིན་པོ་ཆེའི་བྱང་ཕྱོགས་ནས་དབུ་བཙུགས་ཏེ། གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་གི་ཆོས་ཁྲིམས་པས་དྲི་ཞིམ་སྤོས་ཀྱིས་སྣེ་ཁྲིད་དེ་སྙན་འཇེབས་ཀྱིས་སྙན་དབང་གསོ་བའི་དུང་རྒྱ་གླིང་དང་བཅས། ༧ སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་དང་། ༧ སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ། ༧ སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་རྣམ་པས་བདུག་སྤོས་ཀྱིས་མདུན་བསུས། གདན་ས་རུམ་བཏེག་གི་སྒྲུབ་དཔོན་དང་རྡོར་སློབ། དེ་བཞིན་མཆོག་གི་སྤྲུལ་སྐུ་རྣམ་པ། མཁན་པོ་དགེ་བའི་བཤེས་གཉེན་དང་དགེ་སློང་། དགེ་སློང་མ་རྣམ་པས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གླེགས་བམ་རེ་རེ་བཞིན་ཕྲག་ཏུ་བསྣམས་ཏེ། ཞལ་ནས་ཐུབ་མཆོག་དོན་ཀུན་གྲུབ་པའི་མཚན་སྔགས་དབྱངས་སུ་གྱེར་བཞིན་ཆོས་གོས་གསུམ་གྱིས་ལུས་བརྒྱན་པས་མཛེས་ཤིང་ཡིད་དབང་འཕྲོག་པ། མཐོང་ན་མི་མཐུན་པར་མེད་པ་དད་ལྡན་དང་བ་འདྲེན་པའི་ཞི་དུལ་བག་ཕེབས་ཀྱིས་ངང་ནས་མཆོད་རྟེན་ཆེན་མོའི་ཕྱི་སྐོར་ལ་ཕེབས།

ལམ་གྱི་གཡས་གཡོན་དུ་དད་ལྡན་ཆོས་ཞུ་བ་རྣམས་ཕྲེང་བསྒྲིགས་ཏེ་ལག་ཏུ་ལྷ་དར་དཀར་པོ་དང་། ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས། དྲི་ཞིམ་གྱི་བདུག་སྤོས་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་པ་ཐོགས་ཏེ་ངག་ནས་གསོལ་འདེབས་བྱེད་བཞིན། ལ་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བླ་མ་རྣམ་པ་ལས་བྱིན་རླབས་ཞུ། ལ་ལས་མེ་ཏོག་སྣ་ཚོགས་མཁའ་ལ་གཏོར་ཏེ་མེ་ཏོག་གིས་ཆར་བབས་པ་ལྟ་བུ་བྱེད། ལ་ལས་དད་པའི་ཕྱག་རྒྱ་ལས་དར་དང་མེ་ཏོག་སྙིམ་པར་བཅང་སྟེ་རྩེ་གཅིག་ཏུ་གསོལ་བ་འདེབས། ལ་ལས་དད་གུས་སྤྲོ་གསུམ་གྱི་ངང་ནས་བླ་མ་རྣམ་པའི་སྐུ་དང་། རྒྱལ་བའི་བཀའ་འགྱུར་ལ་མེ་ཏོག་འཐོར་བཞིན་ཤིས་ཚིག་བརྗོད། དེ་བཞིན་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་གསོོལ་འདེབས་སྨོན་ལམ་སོགས་སོ་སོས་དད་གུས་མཚོན་པའི་བྱ་བ་སྣ་ཚོགས་བྱེད་ཅིང་དགེ་སློང་རྣམས་གཤེགས་པའི་རྗེས་སུ་དལ་གྱིས་སྙེགས། རྒྱལ་བའི་བཀའ་འགྱུར་ཆོས་སྐོར་བསྐོར་བ་གཅིག་འཁོར་མཚམས་རྟེན་མ་ཧཱ་བྷོ་དྷིའི་བྱང་ཆུབ་ལྗོན་ཤིང་གི་དྲུང་ནས་གྲུབ་པར་བགྱིས། དེར་སྐྱབས་རྗེ་རིན་པོ་རྣམ་པ་དབུས་པས་དགེ་འདུན་པ་རྣམས་ཀྱིས་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་སོགས་བསྔོ་བ་སྨོན་ལམ་གྱིས་མཇུག་བསྡུས། ༧ སྐྱབས་རྗེ་རིན་པོ་ཆེ་རྣམ་པ་དང་དགེ་འདུན་པ་རྣམས་སྨོན་ལམ་ཆེན་མོའི་ཆོས་རར་ཕྱིར་ཕེབས་གནང་སྟེ་ཆུ་ཚོད་དགུ་དང་ཕྱེད་ཀྱི་ཐོག་ཐུབ་བསྟོད་སོགས་འདོན་པ་སྔོན་སོང་གི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གླེགས་བམ་རྣམས་ཆ་བགོས་ཀྱིས་དག་ཀློག་གི་དབུ་ཚུགས། ཆུ་ཚོད་བཅུ་གཅིག་དང་ཕྱེད་ནས་རྒྱལ་བའི་བཀའ་འགྱུར་ཡོངས་རྫོགས་དག་སྒྲོགས་ལེགས་པར་གྲུབ་ཟིན་ནས་ཉིན་གུང་གསོལ་ཚིགས་གྲོལ།

རྒྱལ་བའི་བཀའ་འགྱུར་ཀློག་པའི་ཕན་ཡོན།
ཐར་མདོ་ལས། འབྲུ་གཅིག་གམ། ཚིག་གཅིག་གམ། ཚིགས་བཅད་གཅིག་འཆང་ངམ་ཀློག་ན་བསོད་ནམས་འདི་ལྟ་བུ་དང་ལྡན་པར་འགྱུར་རོ།། འདི་ལྟ་སྟེ། གང་གིས་མདོ་སྡེ་འདི་འཛིན་ཡང་། །སྡུག་བསྔལ་ཀུན་དང་ཡོངས་འབྲལ་ལོ། ནམ་དུའང་ངན་འགྲོར་མི་ལྟུང་སྟེ། །བདེ་བའི་གནས་སུ་ཕྱིན་པར་འགྱུར། ། ཞེས་ཚིགས་བཅད་གཅིག་འཛིན་པའམ། མདོ་སྡེ་འཛིན་པའི་གང་ཟག་རྣམས་སྡུག་བསྔལ་ལས་གྲོལ་ཏེ་ངན་འགྲོར་མི་ལྟུང་ཞིང་བདེ་ནས་བདེ་བར་བགྲོད་པ་དང་། དབུས་མཐའ་རྣམ་འབྱེད་ལས། ཡི་གེ་བྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་བཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པའོ། །སྤྱོད་པ་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཞེས་ཆོས་སྤྱོད་བཅུའི་ནང་ཚན་དུ་ཆོས་ཉན་པ་དང་། ཀློག་པ། ཁ་བཏོན་བྱེད་པ་སོགས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་རྒྱ་ཆེ་ལ་དཔག་ཏུ་མེད་པ་ཡོད་པ་ཡིན་པར་གསུངས།

འཕགས་པ་སྒོ་མཐའ་ཡས་པས་བསྒྲུབ་པ་ཞེས་བྱ་བའི་གཟུངས་ལས།
མདོ་སྡེ་ཐོས་ནས་རྗེས་སུ་ཡི་རང་དང་། །ཡི་གེར་བྲིས་དང་གཟུང་དང་བཀླགས་པ་ཡིས། །བསོད་ནམས་ཆུ་བོ་ཇི་ཙམ་བསྐྱེད་པ་ནི། །སེམས་ཅན་ཀུན་གྱིས་ཤེས་པར་ཡོང་མི་ནུས། །དེ་ནི་ཚེ་རབས་ཀུན་ཏུ་རྒྱལ་བ་མཐོང་། །དེ་དག་ལས་ཀྱང་དད་པ་བསམ་ཡས་རྙེད། །མདོ་སྡེ་ཟབ་མོ་ཚུལ་ཡང་ཤེས་པར་འགྱུར། །དེ་ནི་མྱུར་དུ་བྱང་ཆུབ་མངོན་འཚང་རྒྱ། །ཞེས་སངས་རྒྱས་ཀྱིས་གསུང་པའི་མདོ་སྡེ་རྣམས་ཐོས་ནས་རྗེས་སུ་ཡི་རང་དང་། ཡི་གེ་བྲིས་པ་དང་། གཟུངས་བཀླགས་པ་སོགས་བྱས་སོ་སྐྱེ་ཕལ་པས་བློ་ཡུལ་ལས་འདས་པའི་བསོད་ནམས་ཐོབ་པ་དང་། མདོ་སྡེའི་དོན་ཤེས་ཤིང་མྱུར་དུ་མངོན་པར་རྫོགས་པ་འཚང་རྒྱ་བ་ཡིན་པར་གསུངས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས།
རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ཏེ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་།གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཞེས་དང་།
དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། སྟོན་ཏམ། རབ་ཏུ་འཆད་དམ། ཡི་གེར་འདྲིའམ། ཀློག་ན། ཡིད་ཀྱི་ལས་ཀྱི་ཡོན་ཏན་སྟོང་ཉིས་བརྒྱ་པོ་དེ་དག་དང་ལྡན་ཞིང་ཡིད་ཀྱི་དབང་པོ་ཡོངས་སུ་དག་པར་འགྱུར་རོ། །དེ་ཡིད་ཀྱི་དབང་པོ་ཡོངས་སུ་དག་པ་དེས། ཐ་ན་ཚིགས་སུ་བཅད་པ་གཅིག་ཐོས་པས་ཀྱང་དེའི་དོན་མང་པོར་ཤེས་སོ། །ཞེས་མདོ་རྒྱུད་བྱེ་བྲག་པ་རེ་བཀླགས་པས་ཀྱང་བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་གསུང་ཞིང་། རྒྱལ་བའི་བཀའ་འགྱུར་རོ་ཅོག་བཀླགས་པའི་དགེ་རྩ་ནི་བརྗོད་ལས་འདས་པ་ཡིན་པ་སྨོས་མ་དགོས་པ་ཡིན་ནོ། །

ཞེས་གནས་ཚུལ་སྙིང་བསྡུས་སུ་ཐུབ་བསྟན་སྦྱིན་པས་སྤྱི་ལོ་ ༢༠༢༥/ ༠༢ /༠༩ ཉིན་བྲིས་པའོ། །

2025.02,09 Kangyur Procession