KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པའི་ཉིན་གཉིས་པའི་མཛད་རིམ་རགས་བསྡུས།

རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པའི་ཉིན་གཉིས་པའི་མཛད་རིམ་རགས་བསྡུས།

༄༅། ། དེ་རིང་སྟེ་བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་ཟླ་ ༡༢ ཚེས་ ༠༩ ཕྱི་ལོ་ ༢༠༢༥ ཟླ་ ༠༢ ཚེས་ ༠༦ ཉིན་ཤར་ཕྱོགས་ཀྱི་ཡངས་པའི་དབྱིངས་ནས་འོད་སྣང་ཀྱི་སྤྱན་ཟུང་ལྡང་ནས། མ་རིག་པའི་མུན་པ་དེ་བསལ་ཞིང་ཐོ་རངས་ཀྱི་སྐར་ཆེན་དགུང་ལ་ཤར་དུས།
ཀརྨ་པ་རོལ་པའི་རྡོ་རྗེ་སྐབས་སུ་བྱུང་བར་གྲགས་པའི་ཀརྨའི་སྒར་ཆེན་དེ་ཉིད་ཀརྨ་པའི་སྐུ་ཕྲེང་ན་རིམ་བཞིན་དུ་བརྒྱུད་དེ་སྙན་པའི་གྲགས་པ་ས་གསུམ་ཁྱབ་པ། ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་ཞེས་པའི་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བ་དེ་ཉིད་གོ་ལ་ཆེན་པོ་འདིའི་སྟེེང་དུ་མི་ཉམས་པར་གཏན་དུ་རྒྱུན་སྐྱོང་ཡོང་སླད་དུ། ༧རྒྱལ་དབང་ཀརྨ་པ་སྐུ་ཡི་གསེར་ཕྲེང་འཛིན་པ་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གིས་སྐུ་ངལ་ཁྱད་དུ་བསད། སྐུ་རྩོལ་གྱི་འབད་པ་བཙན་ཡང། དང་དུ་བླངས། དུས་གསུམ་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་མཆོག་ཁྱད་པར་ཅན་འདི་རུ་ཡང་། ཆོས་སྒར་ཆེན་མོ་འདི་བཞེངས་ནས་སྒར་ཆེན་འཛམ་གླིང་རྒྱན་ཞེས་མཚན་གསོལ་བའི་སྒར་ཆེན་འདི་ཉིད་ལ་བཞུགས་གནང་བའི་མཆོག་གི་སྤྲུལ་པའི་སྐུ་རྣམ་པ་དང་། མཁན་པོ་བླ་སློབ་དགེ་བའི་བཤེས་གཉེན། དགེ་འདུན་བཙུན་པ་བཙུན་མ་རྣམས་སྐུ་བཞེངས་ནས་ཞལ་འདོན་སྐྱོར་བའི་ལྷང་ལྷང་གི་སྒྲ་ཚངས་པའི་དབྱངས་སྙན་བཞིན་ཁྱབ་པ་དང་འབྲེལ། བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཚོགས་བརྡའི་འཁར་རྔ་དིར་དིར་དང་སིང་སིང་རྡུང་བཞིན་དུ། དམ་ཆོས་འདུལ་བ་ལས་ཇི་སྐད་གསུངས་པའི་དགེ་ཚུལ་སློང་གི་བསླབ་གཞི་དང་མཐུན་པའི་ཆོས་གོས་དང་སྣམ་སྦྱར་སོགས་ཡོ་བྱད་རྣམས་བསྣམས་ནས། ཐུགས་དྲན་ཤེས་བག་ཡོད་དང་། ལུས་ཞི་ཞིང་དུལ་བའི་ངང་ནས་རབ་བྱུང་གི་སྡོམ་ལྡན་ལྔའི་འཁོར་ཁྲི་ཚོ་ལ་ཉེ་བ་རྣམས་སྨོན་ལམ་ཚོམས་ཆེན་ནང་དུ་འཛོམས། ༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་མཆོག་ནས། ༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་གཙོས་པའི་བླ་སྤྲུལ་མཁན་པོ་དགེ་བའི་བཤེས་གཉེན་འཁོར་ཚོགས་ཡོངས་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་གནང་རྗེས། དབུ་མཛད་ལགས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་གསལ་བཏབ་ཏེ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་མཛད་རིམ་ལྟར་སྨོན་ལམ་ཞལ་འདོན་དབུ་བཙུགས་གནང། ༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་རྡོར་གདན་བྱང་ཆུབ་མཆོད་རྟེན་ཆེན་མོ་ནང་གི་རྟེན་གྱི་གཙོ་བོ་ཐུབ་པའི་སྐུ་བརྙན་མཐོང་གྲོལ་ཆེན་མོ་ལ་ན་བཟའ་ཕུལ་ཅིང་ལྷུང་བཟེད་བསྐང་ནས་ཐུགས་བསྐྱེད་སྨོན་ལམ་གང་རྒྱས་གནང།
དེ་རྗེས་ཚོགས་ཐེངས་གཉིས་པའི་སྐབས་སུ། སྔོན་གྱི་བསླུ་མེད་ལས་སྨོན་གྱི་རྟེན་འབྲེལ་བཟང་པོ་དང་། ཚེ་འདིའི་བཅོས་མིན་གྱི་མོས་གུས་དང་འགྱུར་མེད་དད་པའི་ལང་ཚོ་རབ་ཏུ་ལྡང་བ་ལྷན་དུ་འཛོམས་པའི་མཐུས་ལས་བྱུང་བའི་བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། ཞྭ་ནག་ཅོད་པན་འཆང་བ་དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་བྱེད་པོ། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ། ཨོ་རྒྱན་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གིས་ཐུགས་བརྩེ་ཟབ་མོའི་སྒོ་ནས་སྨོན་ལམ་ཆེན་མོའི་གསུང་ཆོས་ལ་ཇོ་བོ་རྗེ། དཔལ་ལྡན་ཨ་ཏི་ཤ་མཆོག་གི་རྣམ་ཐར་དབུ་ཚུགས།
དེ་ཡང་ཇོ་བོ་རྗེ་ལ། དི་པཾ་ཀ་ར་ཤྲཱི་ཛྙན། ཨ་ཏི་ཤ་སོགས་མཚན་གྱི་རྣམས་གྲངས་དུ་མ་ཡོད་པ་དང་མཚན་དེ་དག་ཀྱང་ཁོང་གི་ཐུན་མོང་མིན་པའི་ཡོན་ཏན་སོགས་ལ་བརྟེན་ནས་གསོལ་གནང་ཡོད་ཅིང་། མཚན་གསོལ་མཁན་ཡང་རྒྱ་བོད་ཀྱི་མཁས་གྲུབ་དུ་མ་ཡོད་ལ། ཇོ་བོ་རྗེ་རབ་ཏུ་བྱུང་བའི་བརྒྱུད་རིམ་དང་། རྗེ་བཙུན་བྱམས་པ་མགོན་པོ་སོགས་དག་པའི་གཟིགས་སྣང་དུ་མ་བྱུང་ཡོད་པ་མ་ཟད། རབ་ཏུ་མ་བྱུང་གོང་དུ་ཁོང་གི་གཟིམ་ལམ་དུ་ངོ་མཚར་བའི་རྟགས་མཚན་ཁྱད་པར་ཅན་མི་ཉུང་བ་ཞིག་བྱུང་ནས། ཇོ་བོ་རྗེ་རང་ཉིད་རབ་ཏུ་བྱུང་བའི་ཐུགས་ཐག་བཅད་གནང་བའི་སྐོར་དང་། དེ་བཞིན་དུ་ཇོ་བོ་རྗེས་དགུང་ལོ་ཉེར་གཉིས་ནས་དགུང་ལོ་ཉེར་དགུ་བར་དུ་གསང་སྔགས་ཀྱི་ཟབ་ཆོས་རྣམས་དཔྱིས་ཕྱིན་པར་གསན་བསམ་གནང་བ་མ་ཟད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལས་བརྒྱུད་པའི་ཟབ་མོ་ལྟ་བརྒྱུད་དང་། རྗེ་བཙུན་བྱམས་པ་དང་སློབ་དཔོན་ཐོགས་མེད་སྐུ་མཆེད་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་བརྒྱུད་གཉིས་ཀྱི་ལྟ་གྲུབ་ལ་མཁས་ཤིང་གྲུབ་པའི་སྐྱེ་མཆོག་དམ་པ་ཡིན་ལ། མདོར་ན་ཇོ་བོ་རྗེ་ནི་རིག་པའི་གནས་ལྔ་ལ་མཁས་པའི་དབང་པོ་ཞིག་ཡིན་སྟབས། རྒྱ་གར་འཕགས་པའི་ཡུལ་དང་བོད་གངས་ཅན་ལྗོངས་གཉིས་ཀ་ལ་སྟོན་མཆོག་ཐུབ་པའི་དབང་པོའི་ལུང་རྟོགས་གཉིས་ཀྱི་བདག་ཉིད་དུ་གྱུར་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ལ། རླབས་ཆེན་གྱི་མཛད་ཕྲིན་ཟླ་མེད་པའི་བཀའ་དྲིན་གཞལ་མཐའ་མེད་པར་སྐྱོང་མཁན། མཁས་ཤིང་གྲུབ་པའི་སེམས་དཔའ་ཆེན་པོ་ཞིག་ཡིན་ཞིང་། སྤྱིར་ཁོང་གིས་བླ་མ་བརྒྱ་དང་ལྔ་བཅུ་ལྷག་བསྟེན་ཡོད་ཀྱང་། བྱེ་བྲག་ཏུ་བླ་མ་དྷརྨ་རཀྵི་ཏ་དང་བླ་མ་གསེར་གླིང་པ། བྱམས་པའི་རྣལ་འབྱོར་སོགས་གཙོ་བོ་ཡིན་པར་གསུངས། དེ་ཡང་ཇོ་བོ་རྗེ་ཡི་ཞལ་སྔ་ནས་ང་ལ་སེམས་བཟང་པོ་ཅུང་ཙམ་ཡོད་པ་དེ་བླ་མ་གསེར་གླིང་པའི་བཀའ་དྲིན་ཡིན་གསུངས་ཡོད་ཚུལ་སོགས་ཇོ་བོ་རྗེ་ཡི་རྣམ་ཐར་ལེགས་པར་གསུངས་ནས།
དེའི་རྗེས་སུ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་འབྲེལ་ཐོགས་སྦྱིན་པའི་བདག་པོ་རྣམས་གཙོས་པའི་ཤི་གསོན་ཡོངས་ལ་ལྗགས་བསྔོ་དང་ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་འདུས་པ་རིན་པོ་ཆེ་དང་མཉམ་དུ་གནང་ནས་སྔ་དྲོའི་སྨོན་ལམ་དང་གསུང་ཆོས་ལེགས་པར་གྲུབ་སྟེ། ཞལ་ཟས་རོ་བརྒྱ་ལྡན་པའི་སྨོན་ལམ་གྱི་དགུང་ཚིགས་ལ་རོལ་གནང་།
སླར་ཡང་ཉིན་རྒྱབ་ཕྱག་ཚོད། ༡ : ༣༠ ཐོག་དགེ་འདུན་བཙུན་པ་བཙུན་མ་རྣམས་དང་སྨོན་ལམ་ཚོགས་ཞུགས་གནང་མཁན་སྔགས་འཆང་རྣལ་འབྱོར་ཕོ་མོ་དད་ལྡན་ཡོངས་རྫོགས་སྨོན་ལམ་ཚོམས་ཆེན་གྱི་གདན་འཛོམས་པ་ཆེན་པོ་ལ་འཁོད་ནས་སྨོན་ལམ་ཐམས་ཅད་ཀྱི་རྒྱལ་པོ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དེ་ཉིད་༧རྒྱལ་དབང་མཆོག་གིས་མཛད་པའི་གདངས་དབྱངས་ཐོས་པར་ཙམ་གྱིས་དད་པའི་ལང་ཚོ་རབ་ཏུ་འབར་བའི་དབྱངས་སྙན་པོས་གྱེེར་ནས། རིམ་བཞིན་དུ་འཆར་ཅན་ལྟར་སྨོན་ལམ་ཞལ་འདོན་གནང་ཞིང་། བསྔོ་སྨོན་སོགས་ཀྱིས་མཐར་བརྒྱན་ཏེ་ཉིན་གཉིས་པའི་སྨོན་ལམ་ལེགས་པར་མཇུག་བསྡུས་སོ། །
སླར་སྨྲས་པ།
༧རྒྱལ་དབང་ཀརྨ་པ་ཡི་རྨད་བྱུང་ཐུགས་བསྐྱེད་གཡུ་མཚོ་ལས། །
ལྡང་པའི་རྣམ་དཀར་སྤྲིན་ཚོགས་ཡངས་པའི་མཁའ་དབྱིངས་ཁྱོན་ལ་འཁྲིགས། །
ཟབ་ཆོས་བདུད་རྩིའི་སྦྲང་ཆར་སྐལ་ལྡན་མོས་གུས་ཞིང་སར་འབབ། །
འབྲས་བཟང་རྣམ་མཁྱེན་རྒྱལ་བའི་མྱུ་གུ་ཀུན་ལ་སྐྱེ་བར་ཤོག །
ཅེས་སྤྱི་ལོ་ ༢༠༢༥ ཟླ་བ ༢ ཚེས་ ༦ ཉིན་ཀྱི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གནས་ཚུལ་ཕྱོགས་བསྡུས་པ་ཕྲན་རྒྱལ་ལོ་བཀྲ་ཤིས་ནས་བསྡུས་པར་དགེའོ། །

20250206_Kagyu Monlam_Day2_AM