བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་དྲུག་པའི་ཉིན་ལྔ་པའི་མཛད་རིམ། ¡@
༡༽ ཉིན་ལྔ་པའི་ཞོགས་ཚོགས་ཀྱི་མཛད་རིམ།
ཕྱི་ལོ་ 2009 ཟླ་ 1 ཚེས་
8 ཉིན་འགྲོ་མགོན་བཀའ་བརྒྱུད་པའི་སྨོན་ལམ་ཉིན་ལྔ་པར་འཆར་ཅན་བཞིན་ཞོགས་པ་གསོ་སྦྱོང་གི་
སྡོམ་པ་དེ་བཞིན་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་མཆོག་ནས་བསྩལ། དེ་རྗེས་དགེ་འདུན་སྤྱི་བྱིངས་ནས་ཡན་ལག་ཉི་ཤུ་པའི་ཆོས་
སྤྱོད་ཞལ་འདོན་དབུ་འཛུགས་བསྐྱངས། སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཀརྨ་པ་ཡིད་བཞིན་
ནོར་བུ་མཆོག་གང་གི་བཞུགས་གནས་གཏེར་སྒར་དགོན་ནས་མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་ཞབས་སོར་འཁོད་མ་ཐག་
མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།

༧ཡིད་ནོར་མཆོག་ཐུབ་པའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེར་ན་བཟའ་འབུལ་སྐབས།

སྒྲོལ་མའི་དམིགས་རིམ་གྱི་ངོ་སྤྲོད་གནང་བཞིན་པ།
༢༽ སྒྲོལ་མའི་དམིགས་རིམ་གྱི་ངོ་སྤྲོད།
དེ་མཇུག་ཡིད་ནོར་མཆོག་ནས་ཉིན་ཕྱི་མར་སྒྲོལ་མའི་རྗེས་གནང་བསྩལ་རྒྱུ་ཡིན་པར་བརྟེན་སྔོན་འགྲོའི་ཕྱིར་སྒྲོལ་མའི་དམིགས་
རིམ་ཇི་ལྟར་བགྱི་དགོས་ཚུལ་གྱི་བཀའ་སློབ་ངོ་སྤྲོད་གནང་གསལ་དུ། སྤྱིར་སྒྲོལ་མ་སྒོམ་ཚུལ་ལ་སྐུ་བརྙན་ལ་བྲིས་འབུར་གཉིས་
སུ་ཡོད་པ་ལས། སྒྲོལ་མའི་འབུར་སྐུ་གསུང་བྱོན་མ་ད་ལྟ་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ལྷོ་ཕྱོགས་སུ་ཡོད་པའི་སྒྲོལ་མ་
འདི་ཉིད་བཀའ་གདམས་བསྟན་པའི་སྲོལ་འབྱེད་ཤིང་རྟ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཐོག་མར་བོད་དུ་བྱོན་དགོས་པའི་
ལུང་བསྟན་མཛད་མཁན་ཡིན་པར་གྲགས།

རྗེ་བཙུན་སྒྲོལ་མ་འཕགས་ཡུལ་དུའང་བསྟེན་སྲོལ་ཆེན་པོ་ཡོད་ཅིང་བོད་དུའང་རིས་མེད་ནང་པའི་དགོན་སྡེ་ཐམས་ཅད་ཀྱི་ནང་
དུ་སྒྲོལ་མའི་སྐུ་བརྙན་ཡོད་པས་ཀུན་གྱིས་སྐྱབས་སུ་འགྲོ་བར་བྱེད། སྒྲོལ་མའི་དབང་བསྐུར་གྱི་རིམ་པ་དེ་བཞིན་གསང་སྔགས་བྱ་
རྒྱུད་ཀྱི་ཁོངས་སུ་གཏོགས་ཤིང་། སྤྱིར་གསང་སྔགས་ཞེས་པ་སྐལ་ལྡན་གྱི་སློབ་མ་ཁོ་ན་ལས་གཞན་ལ་གསང་བའི་ཕྱིར་གསང་ཞེས་
པ་དང།
སྔགས་ཞེས་པ་ལེགས་སྦྱར་གྱི་སྐད་དོད་དུ་མན་ཏྲ་ཞེས་བརྗོད་དེ། དེ་ཉིད་ཀྱི་དོན་ནི་མན་ཞེས་པ་ཡིད་དང་ཏྲ་ཞེས་པ་
སྐྱོབ་པའི་དོན་ཏེ་ཡིད་ཐ་མལ་གྱི་སྣང་ཞེན་ལས་སྐྱོབ་པའི་དོན་དུ་འཇུག་གསང་སྔགས་བླ་མེད་དང་མ་རྒྱུད་ཀྱི་ཆོས་འཁོར་རྣམས་
སྤྱི་ཚོགས་ནང་དྲིལ་བསྒྲགས་མཛད་རྒྱུར་དམ་བསྒྲགས་ཆེན་པོ་མཛད་ཡོད། དམ་བསྒྲགས་མཛད་དགོས་པའི་རྒྱུ་མཚན་ཡང་བོད་
དུ་བསམ་ཡས་ནང་སྔར་གྱི་ལོ་པཎ་ཆེན་པོ་རྣམས་ཀྱིས་བཀའ་འཁྲོལ་དབེན་ཚེ་གསང་སྔགས་གང་བྱུང་དུ་བསྒྱུར་མི་ཆོག་པའི་
གཏན་འབེབས་མཛད་ཡོད།
¡@
སྤྱིར་གདུལ་བྱའི་བློ་ཡི་ནུས་པ་ཆུང་བ་རྣམས་ལ་ཆགས་བཅས་ཀྱི་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པའི་སྐབས་ཉོན་མོངས་པ་དང་
ལྷན་དུ་འཐབ་ཚུལ། གསང་སྔགས་སྐབས་ཉོན་མོངས་གྲོགས་སུ་བསྒྱུར་ནས་འདུལ་ཐབས་ལ་བརྩོན་ཚུལ་བསྟན་ཡོད་པས་བློ་ཡི་
རིམ་པ་ཐ་དད་ལ་ཐེག་པའི་རིམ་པ་ཐ་དད་དུ་བསྟན། ཕྱི་སོ་སོར་ཐར་པ་འདུལ་བའི་སྐབས་ཉོན་མོངས་མངོན་འགྱུར་བ་འདོད་
ཆགས་འགོག་ཐབས་གཙོ་བོར་བསྟན་ཡོད། ཐེག་པ་ཆེན་པོའི་སྐབས་བྱམས་སྙིང་རྗེའི་ཉམས་ལེན་གཙོ་བོར་སྟོན་པས་བྱམས་སྙིང་
རྗེའི་དགྲ་གཙོ་བོ་ཞེ་སྡང་ཡིན་སྟབས། དེ་ཉིད་འགོག་ཚུལ་གྱི་རྣམ་གཞག་གཙོ་བོར་སྟོན། གསང་སྔགས་ནང་མ་རིག་པའི་གཉེན་
པོའི་ཕྱིར་རིག་པ་ཡེ་ཤེས་ཀྱི་རྣམ་གཞག་གཙོ་བོར་བསྟན། ཕར་ཕྱིན་སྐབས་མངོན་པར་རྫོགས་པའི་འཚང་རྒྱ་ཕྱིར་བསྐལ་ཆེན་
གྲངས་མེད་གསུམ་གྱི་ཡུན་དུ་ཚོགས་གསོག་དགོས་ཚུལ་གཙོ་བོར་བསྟན་ཡོད། ཤེས་སྒྲིབ་ཀྱི་བག་ཆགས་ཕྲ་མོས་བསགས་པའི་
ལས་དེས་སངས་རྒྱས་ཀྱི་གཟུགས་སྐུའི་ཉེར་ལེན་བྱ་རྒྱུ་ཤིན་ཏུ་དཀའ་བས། ད་ལྟ་རང་རེ་རྣམས་གཞི་ཡི་རྒྱུད་དམ་ལམ་གྱི་རྒྱུད་
ཀྱི་གནས་སྐབས་ནས་བསྒྲུབ་དགོས་པ་ཡིན། གནས་དང་ལུས་ལོངས་སྤྱོད་མཛད་པ་ཕྲིན་ལས་བསྒྲུབ་པ་ལ་ཡང་ད་ལྟ་ནས་དེ་
དག་དང་མཐུན་པའི་ལམ་ཞིག་བསྒྲུབ་དགོས་པ་ཡིན།
¡@
མདོར་ན་གསང་སྔགས་ཀྱི་ལམ་དེ་བཞིན་ཕར་ཕྱིན་ཐེག་པ་ལྟར་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་གསོག་མི་དགོས་པར་
ཟག་མེད་ཀྱི་བདེ་བ་ལམ་དུ་བྱེད་པས་དུས་ཡུན་ཐུང་ངུའམ་དཀའ་ཚེགས་མེད་པར་བདེ་བླག་ཏུ་འབྲས་བུ་མངོན་དུ་བྱེད་ཐུབ་
པའི་ཐབས་ཁྱད་པར་ཅན་ཡོད། འབྲས་བུ་མངོན་དུ་འགྱུར་རྒྱུའི་རྒྱུ་བསྒྲུབ་པའི་སྐབས་སུ་ཡང་དེ་དང་མཐུན་པའི་ལམ་ཞིག་ལ་
སྤྱོད་དགོས་པ་ཤིན་ཏུ་གལ་འགངས་ཆེ་བ་ཡིན། སེམས་གསལ་རིག་གི་ངོ་བོ་ཤིན་ཏུ་ཕྲ་བས་སྤྱིར་སྒོ་གསུམ་ངོ་བོ་གཅིག་གམ། སྒོ་
གསུམ་རོ་གཅིག་སྟེ་ཟབ་གསལ་གཉིས་མེད་ཀྱི་ངོ་བོར་གྱུར་ན་ཡང་། ལས་དང་པོ་པ་རྣམས་ཀྱི་རགས་པའི་སྣང་ངོར་སྒོ་གསུམ་
རྫས་ཐ་དད་དུ་འདོད་པ་ཡིན། ཞེས་སོགས་ཟབ་ཅིང་རྒྱས་པའི་ངོ་སྤྲོད་བསྩལ།
¡@
དེ་ལྟར་ངོ་སྤྲོད་ཀྱི་མཛད་རིམ་གྲུབ་རྗེས་ཡིད་ནོར་མཆོག་གང་གི་བཞུགས་གནས་སུ་ཕྱིར་ཕེབས་མཛད་དེ་གུང་ཚིགས་སྐབས་དགེ་
སློང་ཕ་མ་ཀུན་དང་ལྷན་དུ་གུང་ཚིགས་གསོལ་བར་མཛད།



༧ཡིད་ནོར་མཆོག་གཏེར་སྒར་དགོན་དུ་དགེ་སློང་རྣམས་དང་ལྷན་དུ་གདུགས་ཚོད་གསོལ་བཞིན་པ།


རྒྱ་རིགས་དྭང་བླངས་ཞབས་ཞུ་བ་རྣམས་ནས་དགའ་སྤྲོའི་ངང་དགེ་སློང་རྣམ་པའི་སྲི་ཞུ་སྒྲུབ་བཞིན་པ།
༣༽ བོད་ཡུལ་བདེ་བའི་གསོལ་འདེབས་སྨོན་ལམ།
གུང་ཡོལ་ཆུ་ཚོད་གཅིག་དང་ཕྱེད་ལ་སླར་ཡང་༧མགོན་པོ་གང་ཉིད་མཆོད་རྟེན་གྱི་སྤྱན་སྔར་ཞབས་སོར་བསྐྱངས་ཏེ་བོད་ཡུལ་
སྤྱིའི་བདེ་ཐབས་ཀྱི་རིམ་གྲོའི་ཕྱིར་གསོལ་འདེབས་བར་བསམ་སྒྲོལ་གསུམ་དང་ཡོངས་རྫོགས་བསྟན་པའི་མངའ་བདག་སྤྱི་ནོར་
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བསྟན་དང་འགྲོ་བའི་མགོན་དུ་འཚོ་ཞིང་གཞེས་པའི་སྐྱེས་ཆེན་དམ་པ་གང་
ན་སུ་བཞུགས་ཀུན་གྱི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་ཞབས་བརྟན་གསོལ་འདེབས་དང་ཐུགས་སྨོན་བསམ་གྱིས་མི་ཁྱབ་
པར་མཛད།

གངས་ལྗོངས་ཀྱི་བསྟན་སྲིད་བདེ་ཐབས་སླད་དུ་ཟབ་ཅིང་བརླིང་བའི་བཀའ་སློབ་སྩོལ་བཞིན་པ།

གཤིན་པོའི་ཆེད་དུ་མི་འཁྲུགས་པའི་ཆོ་ག་མཛད་བཞིན་པ།


སྨོན་ལམ་ཉིན་ལྔ་པའི་ཐུན་མཐའ་མར་གློ་བུར་དུ་ཆར་བབས་པར་བརྟེན་
དགེ་འདུན་རྣམས་ནས་སྨོན་ལམ་ལས་རྟགས་ཅན་གྱི་དབུ་གདུགས་གསོལ་བཞིན་པ།
༤༽ མང་ཚོགས་ལ་མཇལ་ཁ་གནང་བ།
དགོང་དྲོ་ཆུ་ཚོད་བཞི་པར་ཕྱི་ནང་གང་ས་ནས་ལྷགས་པའི་དད་ལྡན་མཇལ་ཞུ་བ་རྣམས་ལ་མཚན་དཔེའི་དཀྱིལ་འཁོར་གྱི་དགྱེས་
ཞལ་ངོམ་པར་མཛད་པས་གདུལ་བྱའི་ཡིད་ཀྱི་རེ་འདོད་ཚུལ་བཞིན་སྐོང་བར་མཛད།
¡@
¡@ |