བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་དྲུག་པའི་ཉིན་བཞི་པའི་མཛད་རིམ།
¡@
༡༽ སྨོན་ལམ་གྱི་ཉིན་བཞི་པའི་མཛད་རིམ།
ཕྱི་ལོ་༢༠༠༩ ཕྱི་ཟླ་དང་པོའི་ཚེས་བདུན་ཏེ་བཀའ་བརྒྱུད་སྨོན་ལམ་གྱི་ཉིན་བཞི་པར་འཆར་ཅན་བཞིན་གསོ་སྦྱོང་གི་བསླབ་སྡོམ་
དེ་བཞིན་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་བསྩལ། དེ་མུར་བཀའ་བརྒྱུད་སྨོན་ལམ་གྱི་ཆོས་སྤྱོད་ཡན་ལག་ཉི་ཤུ་པ་དེ་
ཉིད་རྒྱུན་སྲོལ་བཞིན་ཞལ་འདོན་དབུ་འཛུགས་བསྐྱངས། ཞོགས་པ་ལག་འདོགས་འཁོར་ལོའི་ཆུ་ཚོད་དགུ་པའི་ཐོག་རྒྱལ་དབང་
ཡིད་ནོར་མཆོག་གང་གི་བཞུགས་གནས་ནས་མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་ཞབས་སོར་འཁོད་མ་ཐག་མཎྜལ་རྟེན་གསུམ་
འདེགས་འབུལ་དང་འབྲེལ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་མགུར་འབུམ་གྱི་བཀའ་ཁྲིད་མཇུག་སྐྱོང་མཛད། དེ་
མཇུག་བསྔོ་བའི་གསུང་ཆོག་གྲུབ་རྗེས་ཕྱག་ཚོད་བཅུ་གཅིག་དང་ཕྱེད་ལ་གུང་གི་ལྗགས་སྨིན་ཕྱིར་བཞུགས་གནས་གཏེར་སྒར་དུ་
ཕྱིར་ཕེབས་གནང་། གུང་གི་གསོལ་ཚིགས་གྲུབ་རྗེས་ཡིད་ནོར་མཆོག་ཆུ་ཚོད་གཉིས་པའི་ཐོག་སླར་ཡང་མཆོད་རྟེན་རིན་པོ་ཆེའི་
སྤྱན་སྔར་ཞབས་སོར་བསྐྱངས།


༧རྒྱལ་དབང་མཆོག་ནས་རྗེ་མི་ལའི་མགུར་འབུམ་གྱི་འཁྲིད་ལུང་སྩོལ་བཞིན་པ།




དགེ་འདུན་མ་ལུས་མི་ལའི་མགུར་འབུམ་གྱི་འཁྲིད་ལུང་གསན་བཞིན་པ།

སྐབས་ཉེར་དྲུག་པའི་སྨོན་ལམ་སྦྱིན་བདག་རྣམས་བཀའ་ཆོས་གསན་བཞིན་པ།

གསུང་ཆོས་ཀྱི་བར་གསེང་དུ་དགེ་འདུན་རྣམས་ཡུད་ཙམ་རིང་སྒོམ་བསྐྱོན་བཞིན་པ།

ཕྱི་རྒྱལ་གྱི་བཙུན་མ་རྣམས་ཡུད་ཙམ་རིང་སྒོམ་བསྐྱོན་བཞིན་པ།

ཕྱི་རྒྱལ་གྱི་ཆོས་ཞུ་བ་རྣམས་ཡུད་ཙམ་རིང་སྒོམ་བསྐྱོན་བཞིན་པ།
ཕྱི་དྲོ་ཆུ་ཚོད་བཞི་པའི་ཐོག་སྨོན་ལམ་ཚོགས་པའི་སྔར་གྱི་ཚོགས་མི་རྙིང་པ་རྣམས་དང་འདི་ལོ་གསར་དུ་ཞུགས་པའི་ཚོགས་མི་
གསར་པ་རྣམས་ལ་ཐུན་མོང་དུ་མཇལ་ཁ་བསྩལ།



སྨོན་ལམ་གྱི་ཚོགས་མི་རྣམ་པར་མཇལ་ཁ་སྩོལ་བཞིན་པ།
༢༽ ནད་མནར་བ་རྣམས་ལ་སྲི་ཞུ་ཇི་ལྟར་སྒྲུབ་ཚུལ།
གོང་དུ་ཉིན་དང་པོའི་སྨོན་ལམ་གྱི་མཛད་རིམ་ནང་ལམ་ཙམ་གསལ་བ་བཞིན་འདི་ལོ་བཀའ་བརྒྱུད་སྨོན་ལམ་ཚོགས་པས་ཕྱི་ནང་
གི་ནད་མནར་བ་རྣམས་ལ་སྨན་ཕྱིར་ཕྱི་ལུགས་རྒྱ་གར་གྱི་ལྷ་རྗེ་བརྒྱད་དང་། བལ་པོའི་ལྷ་རྗེ་གཅིག རང་ལུགས་བོད་ཀྱི་ལྷ་རྗེ་
གཅིག དེ་བཞིན་མ་ལི་ཤི་ཡའི་ལྷ་རྗེ་གཅིག་སྟེ་ཡོངས་བསྡོམས་འཚོ་བྱེད་བཅུ་གཅིག་ནས་བརྟག་དཔྱད་གང་ལེགས་དང་འབྲེལ་
རིན་མེད་སྨན་སྦྱིན་དང་སྨན་བཅོས་ཀྱི་རོགས་མགོན་བཀའ་དྲིན་བསྩལ་བཞིན་པ་ལྟར་ཉིན་དང་པོར་ནད་མནར་བ་སུམ་བརྒྱ་ལ་
ཉེ་བར་སྨན་བཅོས་དང་། ཉིན་གཉིས་པར་ཕྱི་ནང་གི་ནད་མནར་བ་བདུན་བརྒྱ་ལ་ཉེ་བར་སྨན་བཅོས་གང་དགེ་དང་། ཉིན་གསུམ་
པར་ནད་མནར་བ་དགུ་བརྒྱ་ཙམ་དང་ཉིན་བཞི་པར་ནད་མནར་བ་བརྒྱད་བརྒྱ་ལྷག་ཙམ་ལ་དཀའ་སྤྱད་དྭང་དུ་བླངས་ཏེ་ལྟ་རྟོག་
སྨན་བཅོས་ཀྱི་ཞབས་ཏོག་ལེགས་པར་གྲུབ་པས་ཕྱི་ནང་གི་ནད་མནར་བ་རྣམས་ལ་སྨན་པའི་སྲི་ཞུ་ཅི་ནུས་སྒྲུབ་བཞིན་པ་ཡིན།
སྨན་སྦྱིན་ཁང་གི་འགན་འཛིན་གཙོ་བོ་རྒྱལ་སྟོན་རིན་པོ་ཆེ་མཆོག་དང་སྐུའི་ལྕམ་སྲིང་རྗེ་བཙུན་དངོས་གྲུབ་དཔལ་འཛོམས་
མཆོག་ནས་གཟིགས་སྐྱོང་གནང་བཞིན་པ་ཡིན།



རྒྱལ་ཁབ་སོ་སོའི་ལྷ་རྗེ་རྣམ་པས་ནད་མནར་བ་རྣམས་ལ་ཞིབ་དཔྱོད་གནང་བཞིན་པ།



ནད་མནར་བ་རྣམས་བརྟག་དཔྱད་ཕྱིར་བང་རིམ་དུ་གནས་བཞིན་པ།
¡@
¡@ |